《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月17日

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས།

ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་དམངས་ལ་དྲོ་སྐྱིད་སྦྱིན།

“ཞེ་གཞུང་ཤང་གི་ཤང་ཀྲང་ཡིན་ནམ། ཁྱེད་ཚོའི་ཆུང་སྣ་གྲོང་ཚོའི་སྦྲུམ་མ་སྒྲོལ་མ་ཚེ་མཚོ་ད་ལྟ་ང་ཚོའི་སྨན་ཁང་དུ་ཡོད་པ་དང་ཁྲག་མང་པོ་དོན་ཉེན་འདུག་ལ་སྲོག་ལའང་ཉེན་ཁ་འདུག” སྟེང་ཆེན་རྫོང་མི་དམངས་སྨན་ཁང་གི་ཁ་པར་འབྱོར་རྗེས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་མི་སྣ་བཀོད་སྒྲིག་བྱས་ཏེ་རྫོང་སྨན་ཁང་དུ་ཕྱིན་ནས་སྨན་དོན་མི་སྣ་དང་མཉམ་དུ་སྦྲུམ་མ་དེ་ཆབ་མདོ་གྲོང་ཁྱེར་གྱི་དམངས་བདེ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་པ་རེད། མཚན་གང་མྱུར་སྐྱོབ་བྱས་པ་བརྒྱུད་སྒྲོལ་མ་ཚེ་མཚོ་སྲོག་ཉེན་ལས་ཐར་བ་རེད།

སྒྲོལ་མ་ཚེ་མཚོའི་ཕ་སྔ་ས་ནས་གྲོངས་པ་དང་། ཨ་མ་རྟག་ཏུ་ཁྱིམ་དུ་སྡོད་ཀྱི་མེད། ཁྱིམ་དུ་ལོ་12ལ་སླེབས་པའི་སློབ་ཆུང་སློབ་མ་ཡིན་པའི་གཅུང་མོ་དང་ཕྱིར་གླ་པ་རྒྱུག་བཞིན་པའི་གཅུང་པོ་ལས་མེད་པས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། སྒྲོལ་མ་ཚེ་མཚོ་འཕྲལ་མར་སྨན་བཅོས་བྱེད་དགོས་ཀྱང་ཁྱིམ་མིས་སྨན་རིན་སྤྲོད་མི་ཐུབ་པའི་གནས་ཚུལ་ལ་གཞིགས་ནས་ཤང་ཏང་ཨུད་དང་སྲིད་གཞུང་གིས་དེ་འཕྲལ་ཞལ་འདེབས་སྒྲིག་འཛུགས་བྱས་པ་དང་། ཤང་ཡོངས་ཀྱི་ལས་བྱེད་པ་དང་། གྲོང་ཚོ་ཁག གྲོང་སྡོད་ལས་དོན་རུ་ཁག་ཁག་དང་ཤང་མངགས་གཏོང་ཁང་། འཕྲོད་བསྟེན་ཁང་བཅས་ཀྱིས་སྒྲོལ་མ་ཚེ་མཚོར་སྒོར་ཁྲི་2ལྷག་ཙམ་ཞལ་འདེབས་བརྒྱབ་པས་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པ་རེད།

སྨན་རིན་གྲབས་གསོག་བྱེད་པ་དང་ཆབས་ཅིག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཤང་གི་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པ་4མངགས་ཏེ། མཚན་མོ་དེ་རང་དུ་རླངས་འཁོར་བཏང་ནས་ཆབ་མདོ་གྲོང་ཁྱེར་དམངས་བདེ་སྨན་ཁང་དུ་སོང་ནས་སྒྲོལ་མ་ཚེ་མཚོའི་སྐྱོབ་བཅོས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ཁོང་ལ་སྨན་རིན་སྤྲད་པ་དང་འབྲེལ་སྨན་ཁང་དུ་བསྡད་ནས་ལྟ་རྟོག་བྱས་པ་རེད། ལས་དོན་མི་སྣའི་ལྷག་བསམ་ཟོལ་མེད་ཀྱི་ལྟ་རྟོག་འོག་སྒྲོལ་མ་ཚེ་མཚོའི་ནད་གཞི་རིམ་བཞིན་དྲག་ཏུ་སོང་བ་རེད། སྨན་ཁང་དུ་ཉིན་7བསྡད་རྗེས་ཤང་གི་ལས་དོན་པས་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས་པ་བརྒྱུད་སྒྲོལ་མ་ཚེ་མཚོའི་ཨ་མ་དང་འབྲེལ་གཏུག་ཐུབ་ཡོད། སྒྲོལ་མ་ཚེ་མཚོའི་ཨ་མ་ཆབ་མདོ་གྲོང་ཁྱེར་དམངས་བདེ་སྨན་ཁང་དུ་འབྱོར་རྗེས་ལས་དོན་པས་ཁོང་ལ་མངགས་བཅོལ་ཡག་པོ་བྱས་པ་མ་ཟད། ཁོང་ཚོར་འཚོ་བའི་མཁོ་ཆས་འདང་ངེས་ཉོས་ནས་སྒྲོལ་མ་ཚེ་མཚོའི་ཨ་མ་དང་གཅུང་མོའི་བཟའ་སྡོད་གནད་དོན་ཐག་གཅོད་བྱས་ཁར་སྒྲོལ་མ་ཚེ་མཚོར་སྨན་བཅོས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་རེད།

སྨན་བཅོས་བྱེད་རིང་། སྨན་པས་སྒྲོལ་མ་ཚེ་མཚོར་ཟུངས་ཁྲག་ཉམས་པ་དང་། མཁལ་མར་ཆུ་བསགས་པ། མཆིན་ཚད་སོགས་ཀྱི་ནད་གཞི་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང་བས་སྨན་ཁང་དུ་སྡོད་རིང་མངལ་ཆགས་བདེ་སྲུང་གི་སྨན་བཅོས་བྱེད་དགོས་ཀྱི་ཡོད། འཚོ་བའི་ཆ་རྐྱེན་ཡག་པོ་མེད་པའི་ཁར་ངལ་ནུས་མེད་པའི་ཁྱིམ་ཚང་དེ་འདྲ་ཞིག་ལ་མཚོན་ན་དེ་ནི་དཀའ་ངལ་ཆེ་ཤོས་ཤིག་རེད། སྒྲོལ་མ་ཚེ་མཚོས་བློ་བདེ་པོའི་ངང་སྨན་པ་བསྟེན་ཐུབ་པ་བྱ་ཆེད་ཞེ་གཞུང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ནུས་པ་གང་ཡོད་བཏོན་ནས་ཁོང་ལ་རོགས་རམ་གང་མང་བྱས་པར་བརྟེན། མིག་སྔར་སྒྲོལ་མ་ཚེ་མཚོ་དྲག་སྐྱེད་བྱུང་སྟེ་སྨང་ཁང་ནས་དོན་ཡོད།

སྒྲོལ་མ་ཚེ་མཚོའི་དཀའ་ངལ་བསལ་བ་ནི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པའི་བསྡུས་རིས་ཤིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་སྟེང་ཆེན་རྫོང་ཞེ་གཞུང་ཤང་གིས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་མང་ཚོགས་ལ་སེམས་ཁྲལ་བྱས་ཏེ་སྨན་པ་བསྟེན་པ་དང་། ལས་ཞུགས། ཆུ་དང་གློག་ཤར་གཏོང་སོགས་ཀྱི་མང་ཚོགས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་པས་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པ་བཞིན་མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)