《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月16日

བསྟན་དར་གྱིས་བརྗོད་དོན།

གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།

སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་ཕུ་མ་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་བསྟན་དར་གྱིས་རང་དཔེ་གཞན་སྟོན་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཧུར་ཐག་ཞུགས་པ་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་སྦྱངས་བརྩོན་ཆེན་པོ་བྱེད་ཀྱི་ཡོད།

བསྟན་དར་ཆུང་དུས་ནས་གྲོང་གསེབ་ཏུ་འཚོ་བ་བསྐྱལ་བར་བརྟེན་གྲོང་གསེབ་ཀྱི་ཁོར་ཡུག་གི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཡང་ཤེས་རྟོགས་ཟབ་མོ་བྱུང་ཡོད། ཁོང་གིས་རྒྱུན་དུ། ཁོར་ཡུག་སྲུང་སྐྱོང་ནི་རྒྱལ་ཁབ་ཀྱི་འགན་འཁྲི་ཡིན་པ་མ་ཟད། གྲོང་མི་ཚང་མའི་འགན་འཁྲི་ཡང་རེད་ཅེས་ཤོད་ཀྱི་ཡོད།

རྒྱུན་གཏན་གྱི་འཚོ་བའི་ནང་ཁོང་གིས་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་དུ་གཏོང་བ་མ་ཟད། རང་འགུལ་ངང་གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོར་ཞུགས་པ་དང་དུས་བཀག་ནང་སྤྱི་པའི་ས་ཆའི་གད་སྙིགས་གཙང་མར་སྒྲུག་བཞིན་ཡོད་ལ། གྲོང་མི་སྒྲིག་འཛུགས་བྱས་ནས་ཐུན་མོང་ཐོག་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། བསྟན་དར་གྱིས། ང་དང་ནང་མིས་ནུས་པ་དེ་ཙམ་འདོན་མི་ཐུབ་ཀྱང་། ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་ཚེ་གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་མཛེས་པ་དང་སྤྱི་ཚོགས་དེ་བས་ཞི་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད་ཅེས་ཤོད་ཀྱི་ཡོད།

གྲོང་གསེབ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་བའི་ཕུགས་འདུན་འགྲུབ་ཆེད། བསྟན་དར་གྱིས་རང་ཉིད་ནས་འགོ་བརྩམས་ཏེ་འཚོ་བའི་གོམས་གཤིས་ངན་པ་བསྒྱུར་གང་ཐུབ་བྱས། ཁོང་གིས་གད་སྙིགས་རིགས་དབྱེར་མཐོང་ཆེན་དང་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་གི་ཡོད་ལ། མང་ཚོགས་གཞན་པར་ནུས་རྒྱུ་གཙང་མ་སྤྱོད་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད། ཁོང་གིས་ད་དུང་གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོར་ཞུགས་ནས་དུས་བཀག་ཐོག་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆུ་ཡུར་གཙང་བཟོ་དང་ལྕང་མར་ཡལ་གཅོད་རྒྱག་གི་ཡོད། ཁོང་གི་སྣེ་ཁྲིད་འོག་གྲོང་མི་ཚོས་རིམ་བཞིན་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་ནས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཀྱི་ཡོད།

བསྟན་དར་གྱིས་ད་དུང་ལས་ཞོར་དུ་དཔེ་དེབ་ལྟ་བ་དང་། དྲ་ཐོག་ནས་བློ་འདྲི་བ། གསོ་སྦྱོང་ལ་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་གི་ཡོད། ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་གྲོང་མི་ཚོ་དང་མཉམ་སྤྱོད་བྱེད་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་ཁྲོད་མང་ཚོགས་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པས། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོའི་ཁོར་ཡུག་རིམ་གྱིས་མཛེས་སྡུག་ལྡན་པར་གྱུར་ཡོད།

བསྟན་དར་གྱིས་རང་ཉིད་ཀྱི་དད་སེམས་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྔོན་སྐྱོད་པ་ཞིག་གི་གཏམ་རྒྱུད་བརྩམས་ཡོད། ཁོང་གི་ཤུགས་རྐྱེན་འོག་གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་གདེང་ཚོད་ཆེ་རུ་ཕྱིན་པ་མ་ཟད། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་གསར་པ་བསྣན་ཡོད། གོམ་སྟབས་རྗེས་མར། ཁོང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། མཐའ་འཁོར་གྱི་གྲོང་ཚོ་དང་མཉམ་ལས་བྱེད་པ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་ཕུལ་དང་འབུལ་ངེས་རེད་ལ། ཁོང་གི་སྣེ་ཁྲིད་འོག་གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་དང་སྤྱི་ཚོགས་དེ་བས་ཞི་མཐུན་ལྡན་པ་ཞིག་ཡོང་ངེས་པ་ང་ཚོར་ཡིད་ཆེས་ཀྱིས་བརྟས།