《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月16日

འཕེལ་རྒྱས་ཀྱི་གོམ་འགྲོས་གློག་ལས་མྱུར། བདེ་སྐྱིད་ཀྱི་འཚོ་བ་འཇའ་ལས་བཀྲ

—— དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་གི་ལྷ་རྩེའི་འཕོ་འགྱུར་སྐོར་བཀོད་པ།

ལྷ་རྩེ་རྫོང་གྲོང་གི་ཟུར་ཞིག

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱི་ལོ་བཅུ་ལྷག་ཙམ་གྱི་རིང་ལྷ་རྩེའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་འབུར་དུ་ཐོན་པ། མང་ཚོགས་དབུལ་པོའི་ཞྭ་མོ་ཕུད་པ་སོགས་རྒྱལ་ཡོངས་མི་དམངས་དང་དཔུང་པ་མཉམ་གཤིབ་ཐོག་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། བྱ་གཞག་ཁག་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་པས། དེ་ནི་ལྷ་རྩེའི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་བཅུ་རེད། དེ་ནས་བཟུང་། ལྷ་རྩེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱ་རེངས་ཤར་བ་བཞིན་དུ་ཇེ་གསལ་ནས་ཇེ་གསལ་དང་། བདེ་སྐྱིད་ལྡན་པའི་མང་ཚོགས་ཀྱི་འཚོ་བ་ནི་སྦྲང་རྩི་བཞིན་དུ་ཇེ་མངར་ནས་ཇེ་ཞིམ་དུ་འགྲོ་བཞིན་མཆིས།

འདས་ཟིན་པའི་ལམ་བུར་ཕྱི་མིག་ལྟ་དུས། ལོ་བཅུ་ལྷག་གི་སྔོན་ལ། ལྷ་རྩེའི་ཤང་གྲོང་ཁག་ཏུ་གཞུང་ལམ་ཐབས་ཆག་ཡིན་པ་ལ་ཤང་སྲིད་གཞུང་གི་འཇིབ་ཆུང་ཞིག་ཕུད་པའི་སྒེར་འཁོར་མཐོང་རྒྱུ་མེད་པས། སྦག་སྦག་དང་ཐོ་ཕྲུག་ནི་ད་གཟོད་མང་ཚོགས་ཚོའི་འགྲིམ་འགྲུལ་གྱི་ལག་ཆ་གཙོ་བོར་གྱུར། དགུན་དུས་ཡུལ་ལུང་ཁྱོན་ཐལ་རྡུལ་གྱིས་བསྒྲིབས་འགྲོ་བ་དང་། དབྱར་དུས་ཟམ་པ་ཆུས་འཁྱེར་ཏེ་ལུང་པ་འདམ་གྱིས་སྦགས་པའི་གནས་ཚུལ་ཐོན་པའང་ཉུང་ཉུང་མིན། ལམ་རྒྱུད་དུ་ལྗོན་ཤིང་མཐོང་དཀོན་པ་དང་། མཚམས་མཚམས་སུ་ལྕང་མ་རེ་ཟུང་མཐོང་རྒྱུ་ཡོད་ན། དེ་ནི་གྲོང་ཚོ་ཞིག་ཏུ་འབྱོར་གྲབས་ཡོད་ཅེས་བརྡ་གཏོང་བ་དང་གཉིས་སུ་མེད།

ལོ་བཅུ་ལྷག་ཙམ་གྱི་ནང་། ལྷ་རྩེ་རྫོང་གི་ཤང་དང་གྲོང་རྡལ་11དང་། གྲོང་ཚོ་99ཡོངས་སུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། ཐ་ན་ལུང་ཁུག་གི་རི་ཁྲོད་དུ་གནས་པའི་དགོན་སྡེ་ཁག་ལའང་རྒྱ་ཆེ་བའི་ཨར་འདམ་གཞུང་ལམ་བཏིང་ཡོད་ལ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་དང་། འཁྱགས་རོམ་དང་གངས་རི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅངས་ཤིང་བྱ་ཐབས་ནུས་ལྡན་གྱིས་ཤིང་འཛུགས་ནགས་བཟོ་དང་། ཆུ་དཔོན་ལམ་ལུགས་སོགས་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་ལྷོད་མེད་བརྒྱབ་པས། ད་ཆ་ཤང་གྲོང་གི་ལམ་རྒྱུད་གང་སར་ལྕང་གསར་གཡུ་ཡི་ཕྲེང་བ་བཞིན་དུ་སྔོ་ཐིང་ངེར་ཡོད་པས་ལྟ་ན་སྡུག་ཅིང་ཡིད་དབང་རབ་ཏུ་འཕྲོག ལྷག་པར་དུ། དཀར་མོ་ནས་ཀྱི་འབྲུ་མཛོད་དང་ཁྲུང་ཁྲུང་སྐེ་ནག་གི་སྤྲོ་གླིང་དུ་གྲགས་པའི་ཡར་ཀླུང་གཙང་པོའི་ལམ་རྒྱུད་དུ་ཆགས་པའི་ཤང་6དང་གྲོང་ཚོ་70ལྷག་ཙམ་ཞིག་ཀྱང་ཡར་ཀླུང་གཙང་པོའི་བཅུད་ཀྱིས་བསྐྱངས་ཤིང་། གང་དེའི་གཡས་གཡོན་དུ་གཅིག་གིས་གཅིག་ལ་རྒྱང་ལྟ་བྱེད་པའི་ཚུལ་དུ་གནས་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་བོ་དང་། ཡང་ཞིང་བསིལ་བའི་མཁའ་རླུང་། ལྗང་ཞིང་སྣུམ་པའི་རི་ཀླུང་གིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད། ཁྲུང་ཁྲུང་སྐེ་ནག་དང་ངང་པ་མགོ་སེར་ལ་སོགས་པའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་གང་འདོད་རྩེད་འཇོར་རོལ་བཞིན་པའི་མཛེས་ལྗོངས་ནི་འདྲེན་བྱེད་དབང་པོའི་དགའ་སྟོན་དུ་གྱུར།

ལོ་བཅུ་ལྷག་གི་སྔོན་དུ། སྟོད་གཞས་ཀྱི་གྲོང་ཁྱེར་ཆུང་ཆུང་དེར་མི་གྲངས་ཁྲི་ཚོ་3ཙམ་ལས་མེད་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱང་ཞན་པོ་ཡིན། ཟ་ཁང་དང་མགྲོན་ཁང་སོགས་ཀྱང་ཉུང་ཞིང་ཆ་རྐྱེན་ཞན་པ་དང་། གཞུང་ལམ་གྱི་གཡས་གཡོན་དུ་ལྗོན་ཤིང་ཉུང་ཉུང་ཡིན་ལ། རྫོང་གྲོང་ནང་གི་ཧྲང་ཧའེ་ཨར་ཁང་ཆེ་མོ་ནི་སྐབས་དེ་དུས་ཀྱི་ཚབ་མཚོན་རང་བཞིན་གྱི་སྐྲུན་དངོས་སུ་གྱུར།

ལོ་བཅུ་ལྷག་ཙམ་གྱི་རིང་། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་དུས་མཚུངས་སུ། ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་དེང་གི་ཁང་བཟང་རེ་རེ་ཆར་རྗེས་ཀྱི་སྤང་ལ་སྨྱུག་རྩ་རྒྱས་པ་བཞིན་གང་ས་ནས་འབུར་འོང་། རྒན་རབས་རྣམས་ཀྱི་དྲན་འཆར་ཡོལ་བའི་ངོས་སུ་བསུབ་ཐབས་མེད་པ་ནི་ལྷ་རྩེའི་ཀུང་སིའི་མགྲོན་ཁང་དང་། འབྲུ་རིགས་ཀུང་སི་རྙིང་པ། དེའི་སྒོ་འགྲམ་གྱི་མི་ཚོགས་འཚང་ཁ་ཤིག་ཤིག་བྱེད་པའི་ཧུད་རིགས་ཀྱི་ཟ་ཁང་སོགས་ཡིན་ཞིང་། ལམ་རྒྱུད་དེ་ནི་ད་ཆའང་མི་འཛོམས་ཆེ་ཤོས་དང་འཁྲུག་ཆ་དོད་ཤོས་ཡིན། ཡིན་ནའང་། ད་ཆ་འཛུགས་སྐྲུན་དང་བཀོད་པ་ཡོངས་རྫོགས་གསར་དུ་བརྗེས་ཟིན་ནས་བ་གམ་ཁང་བཟང་གིས་ཚབ་བྱས་ཤིང་། དེང་རབས་དར་སོ་ཆེ་ལ་སྒྲིག་བཀོད་ལེགས་པའི་མགྲོན་ཁང་དང་། སྒོ་རྩིས་ཚོང་ཁང་། གྱོན་ཆས་དང་ཟས་རིགས་ཀྱི་ཚོང་ཁང་སྣ་ཚོགས་ཀྱིས་ཁེངས་ནས་ལྷ་རྩེའི་ལྟེ་བའི་ཁྲོམ་གཞུང་ཞིག་ཏུ་གྱུར་ཡོད།

ལོ་བཅུ་ལྷག་ཙམ་གྱི་རིང་། རྒྱལ་ཡོངས་ས་ཕྱོགས་ཁག་ནས་ཕེབས་པའི་ཡུལ་སྐོར་བ་དང་། ཚོང་པ། གླ་པ་སོགས་ལྷ་རྩེ་རྫོང་དུ་མ་གྲོས་མཉམ་འཛོམས་བྱུང་ནས་མི་ཚོགས་ཇེ་སྟུག་ཏུ་སོང་བ་དང་བསྟུན་ནས། ལྷ་རྩེའི་སྤྱི་ཚོགས་དཔལ་འབྱོར་དང་བྱ་གཞག་ཁག་ལའང་འཕུར་མཆོང་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ལྷག་པར་དུ། ལྷ་རྩེས་རྒྱལ་ལམ་318ཀྱི་མངོན་གསལ་དོད་པའི་འགྲིམ་འགྲུལ་གྱི་ལེགས་ཆ་སྤྱད་དེ་རྫོང་གྲོང་ཡོངས་ཀྱི་ལམ་ཐིག་དང་གྲོང་ཁྱེར་གྱི་རྣམ་པར་ཁྱོན་ཡོངས་ནས་འགྱུར་ལྡོག་ཆེན་པོ་བཏང་བས། རྒྱ་ཆེ་ལ་ཁམས་གཙང་བའི་སྣུམ་ནག་གཞུང་ལམ་དྲ་རྒྱ་ཞིག་གྲུབ་ཡོད་ལ། དེའི་ཐོག་ཏུ་ཡར་བཞུད་མར་བཞུད་བྱེད་བཞིན་པའི་རླངས་འཁོར་ནི་མིག་མངས་ས་ལ་བཀྲམ་པ་དང་འདྲ་ཞིང་། ཐང་ཤིང་དང་། རྒྱ་ཤོལ་ལ་སོགས་པའི་ལྗོན་ཤིང་དག་ནི་གཞུང་ལམ་གཡས་གཡོན་དུ་སྐྱེ་འཚར་འགྲན་ཞོར་རླུང་བུའི་ཁྲོད་དུ་མགོ་ལྕོག་ལྡེམ་ནས་རྒྱང་རིང་གི་སྐུ་མགྲོན་ལ་བསུ་བ་ཞུ་བ་དང་གཉིས་སུ་མ་མཆིས།

གཞན་ཡང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། རྒྱལ་ཡོངས་མི་དམངས་དང་ལྷན་དུ་གོམ་ཞེང་ཆེན་པོས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་བཞིན་པའི་གོམ་སྟབས་དེ་དང་། ས་རྒྱུ་ལེགས་བཅོས་བྱས་ནས་མུ་མེད་ཞིང་ས་སྙོམས་པ། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཨ་ཁུ་ཞིང་པའི་ལས་བྲེལ་གྱི་རྣམ་པ། “འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་བ་གམ་ཅན་གྱི་སློབ་ཁང་དུ་དཔེ་ཀློག་གི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་པའི་སློབ་མའི་སྤྲོ་སྣང་། བསམ་བློར་བཅིངས་འགྲོལ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་བྲེལ་ཞིང་། འབྱོར་ཕྱུག་ལམ་བཟང་སྟེང་དུ་རྐང་པའི་རྡོག་སྒྲ་གྲགས་པའི་དུས་རབས་གསར་པའི་ཞིང་འབྲོག་པའི་ཉམས་བཟང་། མཉམ་ལས་གཉེར་སྐྱོང་གིས་ཡུལ་བྱ་གསོས་ནས་སྒོ་ང་འཚོང་བ་དང་། བྱ་གསོའི་ཡོང་འབབ་ཀྱིས་སྦྱིན་བདག་ཏུ་གྱུར་བའི་དེང་དུས་ཕོ་གཞོན་གྱི་རྫིགས་ཉམས། འཁལ་འཐག་ལག་ཤེས་ཐོན་རྫས་ཁྲོམ་རར་བཏོན་ཞིང་། ཤད་མ་སྤུ་ཕྲུག་དང་ལྷ་རྩེའི་ཁ་གདན་གྱི་ཚོང་ལམ་རྒྱུག་པའི་ཚོང་དཔོན་ཨ་ཅག་ཚོའི་སྒེག་ཉམས། ད་དུང་། བཟོ་རྩལ་གྱི་ཁྱད་ཆོས་མང་བའི་ལྷ་རྩེའི་བོད་གྲིའི་བཟོ་རྩལ་དང་། ལོ་རྒྱུས་ཀྱི་རྔམ་ཁ་མཐུག་པའི་སྒྲ་སྙན་རྟ་མགོ་དང་། ཞིམ་མངར་རོ་བཅུད་ཆེ་བའི་ཞལ་ཟས་སྒར་མར་དང་། རྒྱུ་སྤུས་དག་ལ་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པའི་ལྷ་རྩེའི་བོད་སྣུམ་དང་བཅས་པའི་ཐོན་ལས་སྣ་ཚོགས་དར་ཞིང་རྒྱས་པ་དང་། ཁྲོམ་ཆེན་བང་སོ་དང་ཇོ་ནང་མཆོད་རྟེན་ལ་སོགས་པའི་གནའ་ཤུལ་གྲགས་ཅན་དང་། སྟོད་གཞས་རིག་གནས་དང་ལྷ་མོ་ལ་སོགས་པའི་མངོན་མིན་རིག་གནས་ཤུལ་བཞག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱུང་ནས་སྤྱི་ཚོགས་ཡོངས་སུ་ཞི་མཐུན་བརྟན་ལྷིང་དང་། ཞི་བདེ་བག་ཕེབས། མངའ་ཐང་ལོངས་སྤྱོད་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

(འཕྲིན་སྤེལ་བ་པ་སངས་ནོར་བུས)