དགུན་ཁའི་ཉི་མ་ཤར་ཕྱོགས་རི་བོའི་རྩེ་ནས་མ་འཆར་གོང་གྲང་རླུང་འུར་འུར་དུ་ལྡང་ནས་ལུས་ཡོངས་འཁྱགས་ནས་འདར་སིག་སིག་བྱེད། ཁྱིམ་ཚང་ཁྲི་སྟོང་མང་པོ་ད་དུང་རྨི་ལམ་གྱི་ཞིང་ཁམས་སུ་གནས་པའི་སྐབས་འདིར་ཁོར་ཡུག་གཙང་སྦྲ་བ་ཚོ་ནི་སྔ་ས་ནས་མལ་ལས་ལངས་ཏེ་གཙང་སྦྲ་འཕྲོད་བསྟེན་གྱི་ལས་ལ་གཞོལ་བཞིན་མཆིས། ཁོར་ཡུག་གཙང་སྦྲ་བ་ནི་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་བ་ཞིག་ཡིན་པས། རྒྱུན་དུ་གློག་སྒུལ་སྦག་སྦག་བཞོན་ནས་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་དེ་ཁོར་ཡུག་གཙང་སྦྲའི་ལས་ལ་གཞོལ་བས། ཁོང་ཚོས་གྲོང་ཁྱེར་གྱི་ཁོར་ཡུག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་མོད། འོན་ཀྱང་འགྲིམ་འགྲུལ་བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ངེས་ཅན་ལྡན་ཡོད།
བདེ་འཇགས་དང་བདེ་སྐྱིད་ནི་དམངས་ཀྱི་རེ་འདུན་ཡིན་ལ། བདེ་འཇགས་འཕེལ་རྒྱས་ནི་ཆབ་སྲིད་ཀྱི་བློ་ཁ་ཕྱོགས་སའང་ཡིན། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ལས་འཛོལ་ཚབས་ཆེན་མི་ཐོན་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱེད་པ། ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་ཆས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧུར་ཐག་སེལ་བ་བཅས་བྱ་ཆེད། བོད་ལྗོངས་པོ་རུའི་སྤྱི་པའི་ཞབས་ཞུ་ཚོགས་པའི་ཁོར་ཡུག་སྲུང་སྐྱོང་ཀུང་སིས་རྒྱུན་རྣམ་ཅན་གྱི་དོ་དམ་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས“ཏང་འཛུགས་སྐྱོང+བདེ་འཇགས་ཐོན་སྐྱེད”ཀྱི་བྱེད་སྟངས་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། སྒྲིག་བཀོད་སྒྲིག་ཆས་དང་མི་སྣའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་དམིགས་ཡུལ་ནི་ཁོར་ཡུག་གཙང་སྦྲ་བའི་མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་བདེ་འཇགས་དོ་དམ་གཉིས་ཀར་དམ་འཛིན་ཐུབ་ཆེད་རེད།
ཉེ་ཆར། བོད་ལྗོངས་དཔལ་རོལ་སྤྱི་པའི་ཞབས་ཞུ་ཚོགས་པའི་ཁོར་ཡུག་འཕྲོད་བསྟེན་ཀུང་སིའི་ཏང་ཀྲི་པུའི་ཨུ་ཡོན་གྱིས་རུ་སྣེ་ཁྲིད་དེ་རླངས་འཁོར་གནས་སྐབས་འཇོག་ས་ཁག་ཏུ་ཁོར་ཡུག་གཙང་སྦྲའི་ལས་སྒྲུབ་རླངས་འཁོར་གྱི་ནུས་པ་དང་། ཉམས་གསོ་བདག་སྐྱོང་། མེ་ཟོན་ལེ་ལག་ཚང་སྒྲིག་སོགས་ཐད་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག ལས་བཟོས་ལས་ཀར་འགྲོ་རིང་འགྲོ་ལམ་འགྲིམ་འགྲུལ་ལ་བརྩི་སྲུང་ཞུ་མིན་དང་མི་སྒེར་གྱི་འགོག་སྲུང་ཡོ་བྱད་འདོགས་མིན་ཐད་ཞིབ་བཤེར་ཡང་བྱས་པར་ཁྱོན་གད་སྙིགས་དབོར་འདྲེན་རླངས་འཁོར་100དང་། ཆུ་གཏོར་རླངས་འཁོར་30 གློག་སྒུལ་བསྡུ་རུབ་རླངས་འཁོར་100བཅས་ལ་ཞིབ་བཤེར་བྱས་པ་དང་འབྲེལ། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ཐོ་འགོད་དང་ཉམས་གསོ་བྱས་ནས་ལས་སྒྲུབ་རླངས་འཁོར་བདེ་འཇགས་ངང་ལམ་ཐོག་ཏུ་བསྐྱོད་ཐུབ་པར་བྱས་ཡོད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)