འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་མི་དམངས་དྲག་ཆས་པུའུ་དང་མཉམ་དུ་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དྲོ་སྐྱིད་མཚོན་པ་དང་གཏམ་བཟང་སྐྱེལ་བའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།
འཚམས་འདྲི་ཚོགས་ཆུང་དང་བཅས་པ་ཆུ་ཤུར་རྫོང་ལམ་སྐྱོང་རུ་ཁག་ཏུ་བསྐྱོད་ཅིང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལམ་སྐྱོང་རུ་ཁག་གི་རུ་མིར་ཁ་བཏགས་གཡོག་པ་དང་འཚམས་འདྲིའི་དངུལ་སྤྲད་པ་རེད། ལམ་སྐྱོང་རུ་མི་ཟླ་བས། དམག་ཞབས་ཐིམ་ནས་ལོ་བཅུ་བཞི་ཡི་རིང་དཔུང་སྡེའི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་དང་དཔུང་སྡེར་དགོས་མཁོ་ཡོད་ན་ད་དུང་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཡོད་ཅེས་བཤད།
འཚམས་འདྲིའི་ཚོགས་ཆུང་བྱས་རྗེས་རིམ་པ་གསུམ་པ་ཐོབ་པའི་དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་དུ་བསྐྱོད་ཅིང་། རྫོང་དེའི་མི་དམངས་དྲག་ཆས་པུའི་འབྲེལ་ཡོད་འགན་འཁུར་བས་དམག་དཔུང་གི་གཟི་བརྗིད་གཟེངས་བསྟོད་བརྡ་ཐོའི་ཡི་གེ་སྒྲོག་སྦྱངས་བྱས་པ་མ་ཟད། དམག་ཞབས་ཐིམ་པའི་དམག་མིར་ཁ་བཏཌ་གཡོག་པ་དང་། གཏམ་བཟང་སྐྱེལ་བ། འཚམས་འདྲིའི་དངུལ་སྤྲོད་པ་བཅས་བྱས་པ་རེད། དམག་མིའི་ནང་མིས། དཔུང་སྡེས་གསོ་སྦྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཕྲུ་གུས་སྔ་ཕྱི་བར་གསུམ་དུ་རྒྱལ་སྲུང་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
ད་ཐེངས་མི་24ལ་འཚམས་འདྲི་བྱས་པའི་ནང་ལམ་སྐྱོང་རུ་ཁག་གི་རུ་མི་5དང་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མི་19ཡོད་པ་དང་། བྱས་རྗེས་རིམ་པ་གསུམ་པ་བཞག་མཁན་1ཡོད་པ་རེད།