《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月16日

དམངས་འཚོའི་རྒྱུགས་ལན་ཡག་པོ་ཕུལ། བདེ་སྐྱིད་འཚོ་བ་གསར་པ་མངོན།

—— སྟོད་ལུང་བདེ་ཆེན་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུས་རབས་གསར་པའི་མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་དོན་དངོས་ལ་གཞིགས་ནས་བྱ་གཞག་དང་ལས་དོན་ཇུས་འགོད་བྱས་ཏེ། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་ཕན་པ་དངོས་ཐོབ་པའི་བྱ་བ་སྒྲུབ་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ངོ་མར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱས་པ་རེད།

ཆེད་དོན་མ་དངུལ་ཡག་པོ་སྤྱད་དེ་ དམངས་འཚོར་ཕན་བཏགས་པ།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་བྱ་བ་དངོས་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་ལ་བབས་སར་བརྩིས་ནས། སྲིད་ཇུས་གང་ལེགས་དང་འདང་ངེས་སྤྱད་པ་དང་ཆེད་དོན་མ་དངུལ་ཡག་པོ་སྤྱད་དེ་དམངས་འཚོའི་ཞན་ཆ་བསལ་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ་རེད།

སྟོད་ལུང་བདེ་ཆེན་ཆུས་ཀྱིས“དམངས་འཚོའི་བྱ་བ་དངོས་ཆུང་གྲས”ཀྱི་ཆེད་སྤྱོད་མ་དངུལ་བཙུགས་ནས་གྲོང་རྡལ(ཁྲོམ་གཞུང)6ལ་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཆེད་སྤྱོད་མ་དངུལ་སྤྲད་དེ་གྲོང་རྡལ(ཁྲོམ་གཞུང)གྱིས་བརྒྱུད་རིམ་ཧྲིལ་པོར་དོ་དམ་དང་བེད་སྤྱོད་བྱས་པ་དང་ཆབས་ཅིག བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཆུ་གློག་ལམ་དང་ཁང་པ་བཅས་དང་། ཞིང་ལས་དཔལ་འབྱོར། ཞིང་ལས་ཆུང་ངུའི་དཔལ་འབྱོར། སྡོད་མལ་ཁོར་ཡུག་གི་སྨན་བཅོས་འཕྲོད་བསྟེན། སྲིད་དོན་ཞབས་ཞུ་སོགས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་75རྒྱ་ཁྱབ་ངང་བསྡུ་རུབ་བྱས་ནས་དེ་དག་ཚང་མ་རྣམ་གྲངས་འཛུགས་པའི་རྣམ་པར་བརྟེན་ནས་མང་ཚོགས་ལ་ཐད་ཀར་ལན་བརྒྱབ་པ་རེད།

2023ལོའི་ཟླ་9པར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དམངས་ཕན་ཞིང་ཕན་ཁ་གསབ་སྲིད་ཇུས་ཁག་58ཀྱི་ཁ་གསབ་བྱ་ཡུལ་དང་ཁ་གསབ་ཚད་གཞི་སྤྱི་ཚོགས་ལ་ཡོངས་བསྒྲགས་ཁ་གསལ་བྱས་པ་དང་རིམ་རྩིས་བྱས་ན། གཏོང་སྤྲོད་དང་རྩིས་ཞུ་བྱས་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྒོར་ཁྲི་235དང་། བ་གླང་གི་རྒྱུད་པ་ལེགས་བཅོས་ཀྱི་ཁ་གསབ་སྒོར་ཁྲི་22.28 རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ཀྱི་བྱ་དགའི་དངུལ་སྒོར་ཁྲི་630སོགས་སྤྲད་པ་དང་། ཁ་གསབ་ལེན་མཁན་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ནས་ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད།

བྱ་བ་དངོས་ཡག་པོ་བསྒྲུབས་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གཞི་རིམ་གྱི་གནས་ཚུལ་མཐིལ་རྟོགས་དང་གཞི་རིམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱ་བ་ཆུང་རྩག་ནས་འགོ་བརྩམས་ཏེ་མི་དམངས་མང་ཚོཌ་ཀྱིས་ཚོར་ཐུབ་པ་དང་། དང་ལེན་བྱེད་པ། ཁས་དངོས་ལེན་ཐུབ་པ་བཅས་བྱས་ཡོད།

བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཕྱོགས་ཡོངས་ནས་གསར་གཏོད་དང་ཨ་ཅག་ལུང་ལགས་ཀྱི་ཁེ་དབང་སྲུང་སྐྱོང་ལྟེ་གནས་ཀྱི་ཞབས་ཞུ་ལེགས་སུ་དང་རིམ་སྤོར་བྱས་ནས། ཉེན་ཁ་དཔྱད་དཔོག་གི་བརྒྱུད་རིམ་དང་། དུས་བཀག་ལྟར་བཅར་འདྲི་བྱེད་པའི་བརྒྱུད་རིམ། 《ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་གི་དྲ་ཐོག་སློབ་ཚན》བཅས་མང་དུ་བཏང་སྟེ་བུད་མེད་ཀྱི་སློབ་སྦྱོང་ཆེ་མོས《དེ་རིང་ངས་སློབ་སྦྱོང་བྱེད》ཅེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ནས་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་གི་ནུས་པ་དང་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད། ཕྱོགས་མི་མང་བའི་གནས་ཆུང་སྡེ་ཁུལ་དུ“ཨ་ཅག་ལུང་ལགས་ཀྱི་ཆེད་དོན་ཞབས་ཞུ་ས་ཚིགས་ཆུང་གྲས”དང་པོ་དེ་བཙུགས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་དང་ཚོགས་སྤྱི་གསར་པར་སྣུར་བསྲིང་བྱེད་པར་འཚོལ་ཞིབ་དང་སྐུལ་འདེད་བཏང་བ་རེད།

སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་གི་ལས་དོན་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“སྨན་བཅོས་གཅིག་མཐུན་ཚོགས་པ”འཛུགས་སྐྱོང་དོ་དམ་དང་། གཅོང་ནད་སྔོན་འགོག་དང་ཚོད་འཛིན། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)གྱི་འཕྲོད་བསྟེན་ཁང་50%དང་གྲོང་ཚོའི(སྡེ་ཁུལ)འཕྲོད་བསྟེན་ཁང་96.6%གི་ཞབས་ཞུའི་ནུས་པ་གཞི་རྩའི་ཚད་གཞིར་སླེབས་པ་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིར་ཨེ་ཙེའི་ནད་ཞིབ་བཤེར་དང་དབྱེ་བཤེར་བྱེད་ནུས་ལྡན་ཡོད་པ་རེད།

བཅོས་སྒྲིག་ལ་དམ་འཛིན་བྱས་ནས་དུས་བདེ་ཆེན་པོ་བཏོད་པ།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“དུས་བདེ་ཆེན་པོའི”འདུ་ཤེས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས“མཐའ་སྣེར་དམ་པོར་དམིགས་པ”དང“འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར”སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤྱད་དེ་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་ཡོད་པ་རེད།

ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཡུལ་གཞན་དུ་གནས་སྤོས་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ“འགྲོ་ལམ་ཤེས་དཔལ”གྱི་འགྲིམ་འགྲུལ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས། རྒྱ་ཆེའི་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང་སྒྲིག་འགལ་ཡོ་བསྲང་གི་ཁ་ཏ་སློབ་སྟོན་བྱས་པ་དང་རུ་ཁག་དེ་གྲོང་ཁུལ་གྱི་ལམ་མདོ་ཁག་གཙོ་བོ་8ལ་ཁྱབ་པར་བྱས་ནས་མི་སྣ་རིམ་བཞིན་མང་དུ་བཏང་སྟེ་གྲོང་རྡལ(ཁྲོམ་གཞུང)དང་། གྲོང་ཚོ(སྡེ་ཁུལ)ལ་སྣུར་སྲིང་བྱས་པ་དང“གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པར”བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་བྱས་པ་རེད། རུ་ཁག་དེ་བཙུགས་ཚུན། ཞབས་འདེགས་ཆུ་ཚོད་6000ལྷག་ཙམ་ཞུས་པ་དང་ཞབས་འདེགས་ཞུ་ཡུལ་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)