《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月16日

རང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རི་ཀླུང་གངས་ཤུད་རྣམ་གྲངས་ཀྱི་མཐའ་བསྡུར་ནང་ཐོག་མར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལེང་ཁྲེང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རི་ཀླུང་གངས་ཤུད་རྣམ་གྲངས་ཀྱི་མཐའ་བསྡུར་དུས་མཚམས་ཀྱི་འགྲན་བསྡུར་དེ། ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་ལེང་ཁྲེང་གྲོང་ཁྱེར་གྱི་ལེང་ཁྲེང་གངས་ཤུད་ཐང་དུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་བདམས་ཐོན་པ་བཞི་འགྲན་བསྡུར་ནང་ཞུགས་ཡོད།

ཚེས་14ཉིན་རི་ཀླུང་གངས་ཤུད་ཀྱི་ཡོངས་བསྒྲགས་བུད་མེད་ཚོགས་ཆུང་གི་ཉིས་འདེད་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་33འགྲན་བསྡུར་ནང་ཞུགས་ཤིང་། རང་ལྗོངས་ཀྱི་ལུས་རྩལ་པ་འཕྲིན་ལས་ཟླ་བ་དང་ཚེ་རིང་ལྷ་མོ་གཉིས་ལ་མཐར་ཨང་22པ་དང་ཨང་26ཐོབ་ཡོད།

རི་ཀླུང་གངས་ཤུད་ཀྱི་ཡོངས་བསྒྲགས་སྐྱེས་པའི་ཚོགས་ཆུང་གི་ཉིས་འདེད་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་ལ་ཨང་17པ་ཐོབ་པ་དང་ལུས་རྩལ་པ་བསྟན་འཛིན་དབང་འདུས་ལ་ཨང་29པ་ཐོབ་ཡོད།