“རྒན་ལགས། ཁྱེད་ཀྱི་གཟེར་ལྷམ་གྱི་ལྷམ་སྒྲོག་འགྲོལ་འདུག་པས་འདྲེད་བརྡབ་ཤོར་ཡོང”ཞེས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཕུ་མ་གཡུ་མཚོའི་མཛེས་ལྗོངས་པར་ལེན་བཞིན་པའི་གསར་འགོད་པས་གློ་བུར་དུ་རྒྱབ་ནས་མི་ཞིག་གིས་སྐད་ཆ་ཤོད་པ་ཐོས།
ཕྱི་བལྟས་བསློག་ནས་ལྟ་སྐབས་ཕོ་གཞོན་ཞིག་རང་གི་རྒྱབ་ཏུ་ཡོད་པ་མཐོང་། “ཁྱེད་ཀྱི་གདོང་སྨུག་པོ་ཆགས་འདུག ང་གཉིས་མགྲོན་ཁང་དུ་ངལ་གསོ་ཏོག་ཙམ་རྒྱག་པར་འགྲོ”ཞེས་ཕོ་གཞོན་དེས་དེ་ལྟར་བཤད།
དེ་རྗེས་གཞོན་པ་དེས་གསར་འགོད་པའི་ལྟོ་ཕད་འཁྱེར་རོགས་བྱས་ནས་མཉམ་དུ་ཁྲིད།
ལམ་བར་དུ་གསར་འགོད་པས་ན་གཞོན་དེའི་མིང་ལ་པད་མ་ཆོས་འཕེལ་ཟེར་ཞིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཡིན་པ་དང་། ཧང་ཀྲོའུ་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་ཤེས། ཁོང་གིས་བཤད་པའི་མགྲོན་ཁང་ནི་མཚོ་འགྲམ་གྱི་འཐུས་གྲོང་ཚོར་གནས་པ་དང་མགྲོན་ཁང་གི་མིང་ལ“5070”ཟེར་བ་དེ་མགྲོན་ཁང་གནས་སའི་ས་བབ་མཐོ་ཚད་ལ་གཞིཌ་ནས་བཏགས་པ་ཞིག་རེད། དེའང་འཐུས་གྲོང་ཚོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་དྲ་གྲོགས་ཚོས“ནམ་མཁའ་དང་བར་ཐག་ཉེ་ཤོས་ཀྱི་གྲོང་ཚོ”ཞེས་བརྗོད་ཀྱི་ཡོད།
“ཨ་མ་ལགས། མགྱོགས་པོ་སྐུ་མགྲོན་ལ་ཇ་མངར་མོ་ཞིག་བླུགས་དང”ཞེས་མགྲོན་ཁང་དུ་སླེབས་མ་ཐག་པད་མ་ཆོས་འཕེལ་གྱིས་དེ་ལྟར་བརྗོད།
ཇ་མངར་མོ་ཕོར་པ་གང་བཏུང་རྗེས་གཟུགས་པོ་དྲོ་སོབ་སོབ་ཏུ་གྱུར། དེ་རྗེས་གསར་འགོད་པས་ཧྲ་ཧྥ་ཐོག་བསྡད་དེ་པད་མ་ཆོས་འཕེལ་དང་ཅི་འཕྲོས་མོལ་འཕྲོས་བཤད།
མགྲོན་ཁང་འདི་ནི་འཐུས་གྲོང་ཚོའི་སློབ་ཆེན་སློབ་ཐོན་སློབ་མ་དབང་འདུས་ཀྱིས་2019ལོར་ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་བཙུགས་པ་ཞིག་ཡིན་པ་དང་ཁང་པ་ཁང་མིག་7ཡོད། མགྲོན་ཁང་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཤིག་ཡིན་ཞིང་། ལོ་ལྟར་འཐུས་གྲོང་ཚོར་ཁང་གླ་སྒོར་ཁྲི་15སྤྲོད་ཀྱི་ཡོད།
“ངའི་ཨ་མ་བརྩིས་ཚེ་མགྲོན་ཁང་ནང་ཁྱོན་ལས་མི་5ཡོད། མི་གཅིག་ནི་ལས་བཟོ་ཡིན”ཞེས་པད་མ་ཆོས་འཕེལ་གྱིས་ངོ་སྤྲོད་བྱས། མགྲོན་ཁང་གིས་ཟླ་རེར་ལས་བཟོར་གླ་ཆ་སྒོར་3000དང་གླ་པར་གླ་ཆ་སྒོར་2100སྤྲོད་ཀྱི་ཡོད།
འཐུས་གྲོང་ཚོར་ས་བབ་མཐོ་བའི་རྐྱེན་གྱིས་མགྲོན་ཁང་གི་ཡོང་འབབ་མ་གཏོགས་ཐོན་ལས་གཞན་དག་གི་ཡོང་འབབ་ཡོད་དམ།
“ང་ཚོའི་གྲོང་ཚོར་དུད་ཚང་40ཡི་མི་152ཡོད། ས་བབ་མཐོ་བས་ཞིང་ལས་སྐྱེ་དངོས་འདེབས་རྒྱུ་འཚམ་པོ་མེད་སྟབས་འབྲོག་ལས་གཙོ་བོ་བྱེད་ཀྱི་ཡོད”ཅེས་གསར་འགོད་པའི་དྲི་བར་དམིགས་ནས་ཉེ་འགྲམ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་གཡུ་སྒྲོན་སྒྲོལ་མས“ན་ནིང་ང་ཚོའི་གྲོང་ཚོར་ལུག་བཤས་བཏང་རྗེས་མ་གནས་ཕུད་ཁེ་བཟང་སྒོར་ཁྲི་19རག་འདུག”ཅེས་བཤད།
པད་མ་ཆོས་འཕེལ་དང་གཡུ་སྒྲོན་སྒྲོལ་མའི་སྣེ་ཁྲིད་འོག་གསར་འགོད་པས་སྲིད་གཞུང་གིས་མ་དངུལ་བཏང་ནས་སྒྱུར་བཀོད་བྱས་པ་དང་ད་ཆ་གོ་རིམ་ལྡན་པའི་འབྱོར་འབྲིང་གྲོང་ཚོ་དེར་སྐྱོད་སྐབས་གྲོང་གསེབ་ཀྱི་ལམ་ཆུང་ཁོད་སྙོམས་ལ་རྒྱ་ཆེ་བ་དང་། ཞིང་དུད་ཀྱི་སྒོ་ར་གཙང་སྦྲ་དོད་པ། འོད་ཤུགས་གློག་སྒྲོན་གྲལ་འགྲིག་པ་བཅས་མཐོང་བྱུང་།
“ད་ཡང་ལྷགས་པ་རྒྱག་འགོ་ཚུགས་སོང་། ངའི་ཨ་ཁུའི་ཁྱིམ་དུ་ཏོག་ཙམ་བཞུགས་པར་འགྲོ ཁོང་གི་ཁྱིམ་ལ་སྲིད་གཞུང་གི་མ་དངུལ་གྱི་རོགས་རམ་འོག་དྲོད་རླངས་དང་གསོ་རླུང་སོགས་ཀྱི་སྒྲིག་ཆས་བསྒར་ཡོད”ཅེས་པད་མ་ཆོས་འཕེལ་གྱིས་གསར་འགོད་པ་ཡེ་ཤེས་རྡོ་རྗེའི་ཁྱིམ་དུ་ཁྲིད།
དྲོད་རླངས་དང་གསོ་རླུང་ཡོ་བྱད་བསྒར་བའི་ཡེ་ཤེས་རྡོ་རྗེའི་ཁྱིམ་དུ་དྲོ་སོབ་སོབ་འདུག་ལ། དབུགས་རྔུབ་གཏོང་ཡང་བྱེད་བདེ་པོ་འདུག
“ད་ཆ་གྲོང་ཚོའི་ནང་དྲོད་རླངས་དང་གསོ་རླུང་ཚོད་ལྟ་བྱེད་པའི་སྒང་རེད། ཡུན་རིང་མ་སོང་བར་ཁྱིམ་ཚང་ཚང་མར་འཁྲིད་ཐུབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། སླད་ཕྱིན་ཡུལ་སྐོར་བས་ང་ཚོའི་གྲོང་ཚོ་ས་བབ་མཐོ་བའི་རྐྱེན་གྱིས་གསོ་རླུང་མི་འདང་བའི་སེམས་ཁྲལ་བྱེད་དགོས་མེད”ཅེས་ཡེ་ཤེས་རྡོ་རྗེས་བཤད། གྲོང་ཚོའི་མཁྲེགས་ཆས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་སུ་འགྲོ་བཞིན་འདུག
གཡུ་སྒྲོན་སྒྲོལ་མས་གསར་འགོད་པར“ད་ཆ་གྲོང་མི་ཚོས་སློབ་གསོར་དེ་བས་མཐོང་ཆེན་བྱེད་ཀྱི་འདུག་ལ། ལོ་ལྟར་སློབ་ཆེན་ལ་ཚུད་མཁན་ཡང་ཇེ་མང་དུ་འགྲོ་གི་འདུག”ཅེས་གསར་འགོད་པར་བཤད།