《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月16日

དཔྱིད་གསར་དུས་ཆེན་རིང་གི“མངོན་མིན་རིག་གནས་ཤུལ་བཞག”ཐོན་རྫས་ཀྱི་འགོ་ཚོང་།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

དཔྱིད་གསར་དུས་ཆེན་རིང་། ད་ལོ་ལོ་40ལ་སླེབས་པའི་སྐལ་བཟང་སྒྲོལ་མ་དང་མཉམ་ལས་ཁང་གི་ཁོངས་མིས་ཁོམ་པའི་སྐབས་དང་བསྟུན་ཏེ་མཉམ་དུ་སྣམ་བུ་འཐག་བཞིན་དགོད་སྒྲས་ཁེངས།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་ལ་སྲུང་སྐྱོང་བྱས་པར་བརྟེན་ནས“རྒྱལ་རྩེའི་ཤད་མ་འཐག་རྩལ”དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རྣམ་གྲངས་ནང་ཚུད།

རྒྱལ་རྩེ་རྫོང་ཨ་ཅག་སྐལ་བཟང་སྣམ་བུ་འཐག་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། ཐོག་མར་འདྲེན་བྱེད་ཡུལ་དུ་འཆར་བ་ནི་ཐགས་ཁྲི་གསར་པ་བཅུ་གྲངས་ཁ་ཤས་ཡོད་པ་དེ་རེད། སྐལ་བཟང་སྒྲོལ་མ་རྐུབ་སྟེགས་ཐོག་བསྡད་དེ་རྐང་པས་ཐགས་ཁྲིའི་རྐང་རྟེན་4མནན་ནས“སྣམ་བུ་དཔེ་གསར”འཐག་བཞིན་ཡོད།

2023ལོའི་ཟླ་བཞི་པར། ཧྲང་ཧའེ་ཡི་ཀུང་སི་ཞིག་གིས་བོད་ཀྱི་རྒྱལ་རྩེ་རྫོང་དང་མཉམ་དུ་སྣམ་བུ“བསྐྱར་དར”འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཤིང་། དེའང་བོད་སྐྱོར་རྣམ་གྲངས་ལ་བརྟེན་ནས་དེ་ལྟར་གཉེར་ཐུབ་པ་ཞིག་རེད། འདི་ལོའི་ཟླ་དང་པོ་ནས་བཟུང་། སྣམ་བུ་འཐག་རྩལ་དེ་ཕ་རི་སིའི་དར་བཟོ་ཆེ་བའི་ནང་ཆས་ཇུས་འགོད་འགྲེམས་སྟོན་ལ་ཐོག་མར་བསྟན་པ་དང་། སྐལ་བཟང་སྒྲོལ་མ་ཡང་ཕྱི་རྒྱལ་གྱི་ཇུས་འགོད་འགྲེམས་སྟོན་དེའི་ནང་ཞུགས། ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རྒྱལ་སྤྱིའི་ཇུས་འགོད་དང་ནང་ཆས་རྒྱན་སྤྲོས་འགྲེམས་སྟོན་ལ་སྐལ་བཟང་སྒྲོལ་མས་ས་གནས་ས་ཐོག་ཏུ་སྣམ་བུ་འཐག་རྩལ་ངོམས་སྟོན་བྱས་ཤིང་། ཁོང་གི་བྱང་ཆུབ་པའི་ལག་རྩལ་གྱིས་རྒྱལ་ཁབ་ཁག་གི་མི་སྣ་མང་པོར་མི་རིགས་ལག་ཤེས་ཀྱི་ཉམས་འགྱུར་མངོན་ནས་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་བ་དང་གདེང་འཇོག་བཟང་པོའང་ཐོབ་པ་དེས“སྣམ་བུ་དཔེ་གསར”བཟོ་རྩལ་ལ་འཛིན་པའི་སྐལ་བཟང་སྒྲོལ་མའི་གདེང་ཚོད་ཆེ་རུ་ཕྱིན་ཡོད།

“མིག་སྔར་འབྱོར་པའི་མངགས་ཐོའི་ནང་། ཁུ་ལུའི་སྐེ་དཀྲིས་གཅིག་ལ་སྒོར་3000ཙམ་རི་བ་དེ་སྲོལ་རྒྱུན་གྱི་སྣམ་བུའི་རིན་གོང་ལས་མཐོ་བ་ཡོད་པ་དང་། ལག་རྩལ་བྱང་མས་སྐེ་དཀྲི་དེ་རིགས་འཐག་པར་ཉིན་གཅིག་གཉིས་ལས་འགོར་གྱི་མེད”ཅེས་སྐལ་བཟང་སྒྲོལ་མས་བཤད་ཅིང་། ཁོང་གིས། ད་ཆ་མཉམ་ལས་ཁང་གིས་སྐེ་དཀྲིས་100ལྷག་ཙམ་འཐག་པར་བྲེལ་བཞིན་ཡོད་ཅེས་བཤད།

རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ནས་ཡིན་པའི་ཉི་མ་བུ་ཁྲིད་ཧྲང་ཧའེ་རུ་ཆེད་ལས་གསོ་སྦྱོང་བྱེད་པར་བསྐྱོད་རྗེས་ཡིག་ཚད་ལོན་པ་དང་། མིག་སྔར“སྣམ་བུ་དཔེ་གསར”འཐག་པའི་ལས་ལ་གཞོལ་ནས་ཟླ་གསུམ་ལྷག་ཙམ་སོང་ཞིང་། ཁོང་གིས། དེ་གོང་རང་ཉིད་ཀྱིས་མཉམ་ལས་ཁང་དུ་ཁ་གདན་འཐག་གི་ཡོད། ཁྲོམ་རའི་འགྲན་རྩོད་ཛ་དྲག་པའི་དབང་གིས་ཐོན་རྫས་ཕུང་གསོག་ཐེབས་ནའང་། “སྣམ་བུ་དཔེ་གསར”དེ་ཧྲང་ཧའེ་བོད་སྐྱོར་རྣམ་གྲངས་ཀྱི་རོགས་རམ་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་ལམ་ཕྱེ་ཐུབ་སྟེ་མཉམ་ལས་ཁང་གི་ཁོངས་མིའི་ཡོང་འབབ་མང་དུ་ཕྱིན་སོང་ཞེས་བཤད།

2023ལོའི་ཟླ་བཞི་པར་ཧྲང་ཧྲའེ་བོད་སྐྱོར་ཁག་བཅུ་པའི་རྒྱལ་རྩེའི་ཚོགས་ཆུང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྐལ་བཟང་སྒྲོལ་མ་ཚུད་པའི་ལས་མི་རྣམས་ཧྲང་ཧའེ་རུ་དུས་ཡུན་ཟླ་གཅིག་གི་སྤེལ་རེས་གསོ་སྦྱོང་ནང་ཞུགས་ཐུབ་ཡོད།

གཞན་ཡང་། ཧྲང་ཧྲའེ་ཡིས་ད་དུང་རྒྱལ་རྩེའི་ས་གནས་སུ་ཚད་ལྡན་ཅན་གྱི་ར་གསོ་ཚགས་ར་བ་སྐྲུན་རོགས་བྱས་པས། ཁུ་ལུ་མཁོ་སྤྲོད་བརྟན་པོ་བྱུང་ནས་གསོ་ཚགས་དུད་ཚང་གི་ཡོང་འབབ་བརྟན་པོ་བྱུང་ཡོད།

རྒྱལ་རྩེ་ནས་ཧྲང་ཧའེ་བར་དང་། དེ་ནས་ཕ་རི་སི་བར་སྐལ་བཟང་སྒྲོལ་མ་དང་མི་རིགས་ལག་ཤེས་བཟོ་རྩལ་གྱིས་གཏམ་རྒྱུད་གསར་རྐྱང་ཞིག་བརྩམས་དང་རྩོམ་བཞིན་མཆིས།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)