《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月15日

གནའ་གྲོང་ལྷ་སར་དུས་ཆེན་རྣམ་པ་ཟབ། སྒོ་ར་ཆུང་ཆུང་བདེ་ སྐྱིད་དཔལ་ལ་རོལ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

ཞོགས་པའི་ཉི་འོད་གནའ་གྲོང་ལྷ་སར་འཕྲོས་མ་ཐག སྔགས་པ་ཁང་ཆུང་སྒོ་རའི་ནང་གི་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཕན་ཚུན“དཔྱིད་གསར་དུས་ཆེན”དང“བོད་ཀྱི་ལོ་གསར”ལ་བཀྲ་ཤིས་སྨོན་འདུན་བཟང་པོ་ཞུ་བཞིན་མཆིས། སུན་ཅན་ཞུའེ་དང་བསོད་ནམས་དཔའ་སྒྲོན་བཟའ་ཚོ་གཉིས་ཀྱིས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བར་ཡོང་མཁན་ཁྱིམ་མཚེས་ལ་སྣེ་ལེན་ཞུས་ནས་བཀྲ་ཤིས་བདེ་ལེགས་མཚོན་པའི་གྲོ་སོ་ཕྱེ་མར་བཏེགས།

སྔགས་པ་ཁང་ཆུང་སྒོ་ར་ནི་དཔེ་མཚོན་གྱི་བོད་བཟོའི་སྡོད་ཁང་ཞིག་ཡིན་ཞིང་། སྒོ་རའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོ་མཉམ་དུ་སྡོད་ཀྱི་ཡོད། སུན་ཅན་ཞུའེ་ཡིས“ང་ཚོའི་སྒོ་རའི་ནང་སྡོད་མཁན་མི་རིགས་ཁག་གི་མང་ཚོགས་རྣམས་ཇ་བསྲུབས་མའི་ནང་མཉམ་དུ་འདྲེས་པའི་མར་དང་ཚྭ་བཞིན་ཕན་ཚུན་ཁ་གཏན་ནས་འབྲལ་ཐབས་མེད”ཅེས་བརྗོད།

“མི་རིགས་མི་འདྲ་བ་ལས་གྲུབ་པའི་ཁྱིམ་ཚང་ང་ཚོའི་སྒོ་རའི་ནང་ཁ་ཤས་ཡོད” སུན་ཅན་ཞུའེ་ལོ་17ལ་སླེབས་སྐབས་བོད་དུ་ལས་ཀ་བྱེད་པར་ཡོང་། ཁོང་དང་བསོད་ནམས་དཔའ་སྒྲོན་གཉིས་གཅིག་ལ་གཅིག་བརྟེན་བྱས་ནས་མཉམ་དུ་འཚོ་བ་ལོ་34བསྐྱལ། 2019ལོར་ཁོང་གཉིས་ཀྱི་ཁྱིམ་ཚང“མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང”ལ་བདམས།

སུན་ཅན་ཞུའེ་ཡིས་སྒོ་རའི་ནང་གི་ཁྱིམ་མཚེས་རྣམས་དུས་རྒྱུན་ཕན་ཚུན་རོགས་རམ་བྱས་ནས་འབྲེལ་བ་ཡག་པོ་ཡོད། མི་རིགས་ཁག་གི་དུས་ཆེན་འཆར་རིམ་བཞིན་ཚང་མས་རྟེན་འབྲེལ་ཞུ་རེས་བྱས་ནས་ཞིམ་ཟས་མཉམ་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད།

ལོ་གསར་གནམ་གང་གི་དགོང་མོར། སུན་ཅན་ཞུའེ་ཡི་ནང་མི་མཉམ་དུ་འཛོམས་ནས་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར“དགུ་ཐུག”བཏུངས།

ཐོག་སོ་གཉིས་པར་སྡོད་མཁན་ཧུད་རིགས་ཀྱི་ཕོ་གཞོན་མ་ཁྲེང་ཧུའུ་དེ་གར་ལོ་ཉི་ཤུ་ལྷག་ཙམ་འཚོ་བ་བསྐྱལ་བས་སུན་ཅན་ཞུའེ་དང་ཁྱིམ་ཚང་གཅིག་ལྟར་འབྲེལ་བ་ཟབ། བཟའ་ཟླ་གཉིས་ཀྱི་ཁྱིམ་དུ་སོལ་རླངས་བརྗེ་དགོས་ཚེ་མ་ཁྲེང་ཧུའུ་ཡིས་སོལ་རླངས་བརྗེ་རོགས་བྱེད་ཀྱི་ཡོད་པ་དང་། སུན་ཅན་ཞུའེ་ཡིས་རྟག་ཏུ་ཁོང་དང་མཉམ་དུ་ཁ་ལག་ཟ་གི་ཡོད།

བགྲེས་སོང་རིག་སྒྲོན་ནི་སྒོ་རའི་ཐོག་སོ་དང་པོའི་ཚོང་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་ཡིན་ཞིང་། སྐབས་རེ་དུད་ཚང་གང་ཞིག་ལ་སྣུམ་དང་ཚྭ་སོགས་འཚོ་བའི་མཁོ་ཆས་དགོས་ཚེ་ཁོ་མོར་ཁ་པར་བརྒྱབ་ན་སྐར་མ་ཁ་ཤས་ནང་རིག་སྒྲོན་གྱི་བུས་སྐྱེལ་བར་ཡོང་གི་ཡོད། “ལོ་བཅུ་ཕྲག་ཁ་ཤས་མཉམ་དུ་འཚོ་བ་བསྐྱལ་ནས་བསྡད་པས་སུ་ཞིག་ཁྱིམ་ཚང་མི་རེ་ངོ་རེའི་གཞི་རྩའི་གནས་ཚུལ་ངས་གསལ་པོ་ཤེས་ཀྱི་ཡོད”ཅེས་རིག་སྒྲོན་གྱིས་བརྗོད།

སྦྲ་ནག་ཞོལ་སྡེ་ཁུལ་གྱི་ལས་དོན་མི་སྣ་མིག་དམར་སྒྲོལ་མས་འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བས་མི་རིགས་མཐུན་སྒྲིལ་གྱི་སྒོ་རའི་ནང་དགའ་སྤྲོའི་རྣམ་པས་ཁེངས་བཞིན་འཁྲུག་ཆ་དེ་བས་དོད་པ་འདུག་ཅེས་བརྗོད།

སྔགས་པ་ཁང་ཆུང་སྒོ་ར་དང་འདྲ་བའི་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་གནའ་གྲོང་ལྷ་སར་100ལྷག་ཙམ་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་དེ་གར་འཆམ་མཐུན་མཉམ་གནས་དང་བདེ་སྡོད་ལས་ལ་བརྩོན་བཞིན་ཡོད་པ་དེ་དག་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། ལས་དོན་མཉམ་སྒྲུབ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)