《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月15日

གྲོང་ཚོའི་ཇ་སྟོན་བྱེད་སྒོ་ལས། དམངས་ཀྱི་དཀའ་གནད་སྣ་ཚོགས་བསལ།

—— དཔྱིད་གསར་དུས་ཆེན་རིང་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ལ་བཅར་འདྲི་བྱས་པ།

འདི་ནི་གྲོང་མིའི་ཁྱིམ་དུ་གསེར་རྙེད་གཞུང་ཐ་གྲོང་ཚོར་བཅའ་སྡོད་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡི་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

ནག་ཆུ་གྲོང་རྡལ་གསེར་རྙེད་གཞུང་ཐ་གྲོང་ཚོའི་གྲོང་མི་དར་རྒྱས་ཕུན་ཚོགས་ཁྱིམ་དུ་ལྕགས་ཐབ་ཀྱི་མེ་ཁ་གསོས་ཤིང་དྲོ་སོབ་སོབ་ཏུ་སྣང་། ཧུའུ་པེར་སློབ་ཆེན་འགྲིམ་བཞིན་པའི་དར་རྒྱས་ཕུན་ཚོགས་ཀྱི་བུ་རྒན་པ་དཀོན་མཆོག་བསོད་ནམས་ཀྱིས་དགུན་ཁའི་གུང་གསེང་རིང་ཁྱིམ་དུ་ལོག་ནས་གཅུང་པོ་ཕུན་ཚོགས་དབང་འདུས་ལ་སྦྱོང་ཚན་ཟུར་ཁྲིད་བྱེད་བཞིན་ཡོད་པ་དང་། ལྕགས་ཐབ་ཀྱི་འཁྲིས་སུ་ནང་ལས་ལ་བྲེལ་བཞིན་པའི་ཨ་མས་སྐུ་མགྲོན་ལ་ཇ་བསྲུབས་མ་བཀྱག་བཞིན་འདུག

“ཕྲུ་གུ་སློབ་སྦྱོང་གང་འདྲ་འདུག་གམ”

“ཁྱིམ་དུ་ཕྲུ་གུ་གཉིས་ཡོད། རྒན་པ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་ཆུང་བ་མཐོ་རིམ་སློབ་འབྲིང་དུ་འགྲོ་གི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་ངའི་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བ་དང་འཚོ་བར་དཀའ་ངལ་ཡོད་པ་ཤེས་རྗེས་སློབ་སྐྱོར་རོགས་དངུལ་སྒོར་5000གནང་བྱུང་བས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། དར་རྒྱས་ཕུན་ཚོགས་ཀྱི་ཁྱིམ་དུ་ཁྲེང་ཏུའུ་རུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཧྥན་ཁུའེ་དང་ཁྲེན་ཧའོ་གཉིས་སྐུ་མགྲོན་དུ་སླེབས། ཁོང་གཉིས་པོས་ཇ་བསྲུབས་མ་བཏུང་བཞིན་དུ་དར་རྒྱས་ཕུན་ཚོགས་ཀྱི་ནང་མི་བཅས་པ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཡོད། ལོ་བཅུ་ལྷག་ཙམ་རིང་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཁག་དང་ཁག་བྱས་ནས་གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་བར་བརྟེན་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད།

གསེར་རྙེད་གཞུང་ཐ་གྲོང་ཚོ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཟིན་ཞིང་། མཐོ་གྲང་དང་གསོ་རླུང་དཀོན་པའི་གྲོང་ཚོ་ཞིག་རེད། འདི་ནི་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ནག་ཆུ་གྲོང་རྡལ་དུ་བཅའ་སྡོད་བྱ་ཡུལ་གྲོང་ཚོ་བཞིའི་ནང་གི་གྲས་ཤིག་རེད། གཞན་ཡང་ད་དུང་ཕུར་ཚང་གྲོང་ཚོ་དང་། མ་ཆེན་གྲོང་ཚོ། མགྲོན་པོ་གྲོང་ཚོ་བཅས་ཡོད།

གསེར་རྙེད་གཞུང་ཐ་གྲོང་ཚོ་དང་སྤྱི་ལེ་20ཆོད་པའི་མགྲོན་པོ་གྲོང་ཚོ་རི་ཁུག་ཏུ་གནས་ཤིང་། མགྲོན་པོ་གྲོང་ཚོ་ཨུ་ལྷན་ནས་སྙན་འཇེབས་ལྡན་པའི་སྒོར་གཞས་ཀྱི་གླུ་སྒྲ་ལྷང་ལྷང་དུ་གྲགས། མགྲོན་པོ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བས་གྲོང་ཚོའི་ཕྲུ་གུར་དགུན་ཁའི་གུང་གསེང་རིང་ཟུར་ཁྲིད་བྱེད་པ་དང་སློབ་གསེང་དུ་སྒོར་གཞས་འཁྲབ་ཀྱི་ཡོད།

ཕྲུ་གུ་30ལྷག་ཙམ་དང“དགེ་རྒན”ཡིན་པའི་སློབ་ཆེན་སློབ་མ་5དགའ་སྤྲོའི་ངང་སྐོར་གཞས་འཁྲབ་བཞིན་འདུག་ལ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱིས་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་སྒོར་གཞས་ལ་ལྟད་མོ་ལྟ་བཞིན་འདུག

“གྲོང་ཚོར་སློབ་གྲྭར་འགྲོ་མཁན་ཕྲུ་གུ་མང་པོ་ཡོད། ཕ་མས་ཟུར་ཁྲིད་བྱེད་མི་ཐུབ་པས་རྟག་ཏུ་ང་ཚོས་རུ་མི་བཀོད་སྒྲིག་བྱས་ནས་སློབ་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད། ད་ཆ་དགུན་ཁའི་གུང་གསེང་འཁེལ་བས་ང་ཚོས་གྲོང་ཚོ་ཨུ་ལྷན་དང་མཉམ་དུ་གྲོང་ཚོའི་སློབ་ཆེན་སློབ་མ་དང་ཕྲུ་གུ་སྒྲིག་འཛུགས་བྱས་ནས་ཟུར་ཁྲིད་ཀྱི་འཛིན་གྲྭ་དེ་བཙུགས་པ་ཡིན” གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་མོང་དབྱི་ཡིས་ཟུར་ཁྲིད་འཛིན་གྲྭ་འདི་ད་ལོའི་ཟླ་1ཚེས་10ཉིན་ནས་བཙུགས་པ་དང་། ལས་དོན་རུ་ཁག་གི་གཞུང་ལས་ཁང་དང་ཉལ་ཁང་ཟུར་ཁྲིད་འཛིན་གྲྭ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

“ང་ཚོའི་སློབ་ཆེན་སློབ་མ་དང་བླངས་པས་རེས་མོས་བྱས་ནས་ཕྲུ་གུ་ཚོར་ཟུར་ཁྲིད་བྱེད་ཀྱི་ཡོད། ཟུར་ཁྲིད་འཛིན་གྲྭ་བཙུགས་པ་བརྒྱུད་ཕྲུ་གུ་ཚོས་དགའ་སྤྲོའི་ངང་དགུན་ཁའི་གུང་གསེང་གཏོང་ཐུབ་པ་བྱུང་བ་མ་ཟད། ང་ཚོར་ཡང་སྦྱོང་བརྡར་བྱེད་པའི་གོ་སྐབས་ཐོབ་བྱུང”ཞེས་དགེ་འོས་ཆེད་ལས་སྦྱོང་མཁན་སློབ་ཆེན་སློབ་མ་ནོར་རྒྱས་ཀྱིས་ཟུར་ཁྲིད་འཛིན་གྲྭ་དེ་འདྲ་ཞིག་བཙུགས་པར་བསྔགས་བརྗོད་བྱས།

གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་གཉེར་བའི“ཇ་བསྲུབས་མའི་ཇ་སྟོན”དུ་ཞུགས་མཁན་གསེར་རྙེད་གཞུང་ཐ་གྲོང་ཚོའི་མང་ཚོགས་རྣམས་ཇ་བསྲུབས་མ་ཁྱེར་ནས་གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་སུ་སྐྱོད་བཞིན་འདུག

“དེ་རིང་ང་ཚོ་འདི་གར་འཛོམས་ནས་ལོ་གསར་པར་རེ་བ་གང་ཡོད་པ་ཉན་རྒྱུ་ཡིན་ལ། ཚང་མའི་འཚོ་བའི་དགོས་མཁོའང་ཤེས་རྟོགས་བྱ་རྩིས་ཡོད། ཚང་མས་གང་བསམ་ལྷུག་གླེང་གནང་རོགས”ཞེས་གསེར་རྙེད་གཞུང་ཐ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྲགས་ཆེན་གྱིས་དེ་ལྟར་བརྗོད།

“ང་ཚོས་རྒྱུན་དུ‘ཇ་བསྲུབས་མའི་ཇ་སྟོན’འདི་འདྲ་གཉེར་ནས་ཇ་བསྲུབས་མ་བཏུང་བའི་ཞོར་དུ་འཚོ་བའི་སྐོར་གླེང་གི་ཡོད་ལ། འབྲོག་པ་མང་ཚོགས་ཀྱིས་སྤྲོ་སྣང་ལྡན་པའི་ངང་སྲིད་ཇུས་སྦྱོང་བ་དང་། དཀའ་གནད་ཤེས་རྟོགས། གྲོང་དོན་གླེང་བ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ནང་མང་ཚོགས་ཞུགས་དཀའ་བ་དང་། གྲོས་མོལ་དཀའ་བ། གནད་དོན་ཐག་གཅོད་བྱེད་དཀའ་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ཀྱི་ཡོད”ཅེས་ཁྲེང་ཏུའུ་དོན་གཅོད་ཁྲུའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་དང་། གསེར་རྙེད་གཞུང་ཐ་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། རུ་དཔོན་བཅས་ཡིན་པའི་ཤའོ་ཡོན་ཀྲེས་དེ་ལྟར་བཤད། མིག་སྔར། “ཇ་བསྲུབས་མའི་ཇ་སྟོན”གྱི་གྲོང་མིའི་བགྲོ་གླེང་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་ཏེ་ཕུལ་བྱུང་གི་དཔེ་མཚོན་དང་ཉམས་མྱོང་བཟང་པོར་བརྩིས་ནས་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)33ལ་ཁྱབ་གདལ་བཏང་ཡོད།

དེ་ལྟར་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡི་གྲོང་སྡོད་ལས་དོན་རུ་ཁག་གིས“ཡ་རབས་སྐར་གསོག་སྒོ་རྩིས་ཚོང་ཁང”གཉེར་བ་དང་། ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར། མེ་སྟག་སློབ་སྐྱོར་འཆར་གཞི་དང་གཅེས་སེམས་རོགས་སྐྱོར་འཆར་གཞིའི་ཐེབས་རྩ་བཙུགས་པ་སོགས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)