འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ས་གནས་ཁག་གི་གླིང་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དེ་བས་ཡག་པོ་མངོན་པར་བྱས་ནས། གླིང་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་རྟགས་ལ་ཕྱོགས་སྡོམ་དང་ལེགས་སུ་གཏོང་ཆེད། 2023ལོའི་ཟླ་8པར《སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང》དུས་དེབ་ཀྱིས“ལོ་འཁོར་གྱི་གླིང་ཁུལ་བརྒྱའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་དཔེ་མཚོན”བསྡུ་རུབ་བྱེད་སྒོ་སྤེལ་བར་རྒྱལ་ཡོངས་ས་གནས་ཁག་གི་གླིང་ཁུལ་ཏང་རྩ་འཛུགས་ཀྱི་དང་ལེན་ཧུར་ཐག་ཐོབ་ཡོད། རྩ་འཛུགས་སྡེ་ཚན་གྱིས་འོས་སྦྱོར་དང་གླིང་ཁུལ་ཏང་རྩ་འཛུགས་ཀྱིས་རང་ངོས་འོས་སྦྱོར་བྱས་པ་བརྒྱུད་དཔེ་མཚོན་ཆིག་སྟོང་ཙམ་བསྡུ་རུབ་བྱས་ཡོད། ཐོག་མའི་གདམ་གསེས་དང་དབང་གྲགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས་གཏན་འཁེལ་བྱས་པ་བརྒྱུད་མཐར་སྣེ་ཁྲིད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། གསར་གཏོད་བྱེད་ནུས། ཁྱབ་སྤེལ་བྱེད་ནུས། མཉམ་འདྲེས་བྱེད་ནུས། ལག་ལེན་བསྟར་ནུས་བཅས་ཅུང་ཆེ་བའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་དཔེ་མཚོན་ཁག་གཅིག་བདམས་ཤིང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་དུ“ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ”ཞེས་བསྡུ་རྒྱུ)གྱི་ཏང་གི་ལས་དོན་ཨུ་ལྷན་གྲུབ་འབྲས་ཐོབ་པའི་ངང་དེའི་ནང་ཚུད་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱིས“ཏང་འཛུགས་སྐྱོང་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བ”གཙོ་རྐང་དུ་བྱས་ནས། ཏང་འཛུགས་སྐྱོང་ལ་དོ་དམ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་དམ་འཛིན་གྱིས་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི“མཐོར་གཏོང་གཉིས་ལ་བརྟེན་ནས་ཕན་ཚུན་སྐུལ་འདེད་གཏོང་བའི”ལམ་སྲོལ་དོན་འཁྱོལ་ཡོང་བར་སྐུལ་མ་གཏོང་བ། “ཏང་རྩ་འཛུགས་དང་ཁེ་ལས་མཉམ་སྐྲུན་གྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི”གླིང་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་རྟགས་ཤུགས་ཆེན་གཏོད་པ་བཅས་བྱས་ཏེ། ལས་དོན་ཨུ་ལྷན་གྱིས་འགོ་ཁྲིད་དང་། ཏང་སྲིད་ཀྱིས་མཉམ་འཛིན། ལས་བྱེད་པས་འགན་གཙང་ལེན་པ་དང་འབྲེལ་གཏུག རྩ་འཛུགས་ཁྱབ་པ། འཕེལ་རྒྱས་ལ་རམ་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་བཏོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་2001ལོར་བཙུགས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ནུས་ཆ་ཚང་ཤོས་དང་། འགྲིམ་འགྲུལ་སྟབས་བདེ་ཤོས། སྲིད་ཇུས་ཚད་ལྡན་ཤོས། ཞབས་ཞུ་ལེགས་ཤོས། འཕེལ་རྒྱས་མགྱོགས་ཤོས། སྐྱེ་ཁམས་སྡོད་མལ་འཚམ་ཤོས། འཆར་འགོད་ཚན་རིག་དང་མཐུན་ཤོས་བཅས་ཀྱི་གླིང་ཁུལ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འབའ་ཞིག་དེའང་ཡིན་པ་དང་། རིམ་རྩིས་བྱས་ན་ཐོ་འགོད་ཁེ་ལས་8109དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3510.337ཟིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་འཐབ་ཇུས་གནས་བབ་གལ་ཆེན་བཟུང་ཡོད་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)