འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། གཙང་པོ་དང་། ཆུ་བོ། མཚོ་བཅས་དང་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%རྒྱུན་འཁྱོངས་མུ་མཐུད་ཐུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ནག་ཆུའི་བོད་ནུབ་བྱང་གི་སྐྱེ་ཁམས་གསོ་འཁྱོངས་ཁུལ་གྱི་ནུས་པའི་ངེས་གནས་ལ་གཞི་ཚུགས་ཏེ། གཙང་པོ་དང་ཆུ་བོའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་བ། “གཙང་གསུམ་ཆུ་འགོའི”རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་ཕྱོགས་ཡུག་ཁུལ)འཛུགས་སྐྲུན་དང་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཙང་པོ་དང་ཆུ་བོའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལག་ལེན་ཤུགས་ཆེན་བསྟར་བ། གཙང་པོ་དང་ཆུ་བོའི་ཆུ་འགོར་ཕྱོགས་ཡོངས་ནས་རྡོ་རིང་བཙུགས་ནས་སྲུང་སྐྱོང་བྱེད་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། གླིང་སྣེའི་ས་ཁུལ་གྱི་ས་མཐོའི་དངོས་རིགས་སྲུང་སྐྱོང་མཛོད་མགྱོགས་མྱུར་འཛུགས་པ། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བཅས་བྱས་པར་དམངས་ཡོངས་ཆུའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་སེམས་གང་ལེགས་འཕེལ་བ་རེད།