འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ནགས་རྩྭ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་སྔོན་ལ་སྲུང་སྐྱོང་དང་། དོ་དམ་ནན་པོ། བཅོས་སྐྱོང་བརྒྱུད་རིམ་ལྡན་པ། ཚན་རིག་དང་མཐུན་པའི་སླར་གསོ། བེད་སྤྱོད་ལུགས་མཐུན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་དམིགས་ཚད་དུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་ཁྱབ་ཁོངས་ཀྱི་འདམ་རའི་ཐོན་ཁུངས་སྲུང་སྐྱོང་ཧུར་ཐག་བྱས་ནས་ཆུ་རྩ་གསོ་འཁྱོངས་དང་། གནམ་གཤིས་སྙོམས་སྒྲིག ཁོར་ཡུག་ལེགས་གཏོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་འདམ་རའི་སྐྱེ་ཁམས་བྱེད་ནུས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་བརྟག་དཔྱད་ཐེངས་གསུམ་པའི་གྲངས་གཞི་ལས་མངོན་པར། གཞིས་རྩེ་གྲོང་ཁྱེར་གྱི་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་68.5ཟིན་ནས་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ནང་རིགས་ཁག་གི་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་14.5ཙམ་ཟིན་ཡོད། གཞན་ཡང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་ར་མང་པོར་ཡང་སྲུང་སྐྱོང་བྱེད་བཞིན་ཡོད།
འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་ལག་བསྟར་དང་མ་དངུལ་གཏོང་བར་སྐུལ་འདེད་བརྟན་པོ་བཏང་བ་དང་། འདམ་རའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། འདམ་རའི་ཁྲིམས་འཛིན་ཞིབ་བཤེར་དང་སྐོར་གཡེང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། འདམ་ར་སྲུང་སྐྱོང་གི་གཞི་རྟེན་རེ་འདུན་ཞུ་ཤུགས་ཆེ་རུ་བཏང་བ། འདམ་ར་སྲུང་སྐྱོང་ལས་དོན་ནང་ཚན་རྩལ་འདུས་ཚད་མཐོ་རུ་བཏང་ཡོད།
(སྤེན་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)