《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月14日

མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

དགུན་དུས་ཀྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མངའ་རིས་གྲོང་ཁྱེར་འོད་ཟེར་མ་འཇོག་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཚོང་དུད་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་དྲིལ་བསྒྲགས་བྱས་ནས་ཁེར་རྐྱང་ཚོང་དུད་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྲུང་རང་སྐྱོབ་འཇོན་ཐང་ཆེ་རུ་བཏང་ཡོད།

ཞིབ་བཤེར་བྱེད་རིང་། ཞིབ་བཤེར་བྱེད་མཁན་གྱིས་ཚོང་ཁང་གི་བདེ་འཇགས་ཐོན་སྒོ་དང་ཁ་འགྲེམ་འགྲོ་ལམ་ཤར་གཏོང་ཡོད་མེད་དང་། མེ་ཟོན་སྒྲིག་བཀོད་ཡོ་ཆས་ཀྱི་བཀོད་སྒྲིག་དང་། འཁོར་སྐྱོད། སྲུང་སྐྱོང་དང་ཉམས་གསོ་བཅས་ཡག་པོ་ཐུབ་ཡོད་མེད། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དང་མེ་སྤྱོད་དང་། གློག་སྤྱོད། རླངས་སྤྱོད་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་ཐུབ་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་ཞིབ་ཚགས་བྱས་ཡོད། ཞིབ་བཤེར་བྱེད་རིང་ཚོང་ཁང་ཁག་གཅིག་གི་གློག་སྐུད་ཚན་ལྡན་འཁྲིད་མེད་པའི་གནད་དོན་ཤེས་རྟོགས་ཐུབ་ནས་ས་གནས་ས་ཐོག་ཏུ་དེའི་འགན་འཁུར་བར་མཛུབ་ཁྲིད་བྱས་པ་དང་འབྲེལ། ཚོང་ཁང་གི་འགན་འཁུར་བར་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ། མེ་ཟོན་གྱི་མངོན་མེད་གནད་དོན་དུས་ཐོག་ཏུ་དག་ཐེར་བཅས་བྱས་ཏེ་མེ་སྐྱོན་ཐོན་པའི་མངོན་མེད་རྐྱེན་ངན་རྦད་དེ་སེལ་དགོས་པའི་བླང་བྱ་བཏོན་ཡོད།

དེ་རྗེས། ཞིབ་བཤེར་བྱེད་མཁན་གྱིས་ད་དུང་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་ནས། མེ་ཟོན་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དང་། རྒྱུན་སྤྱོད་མེ་གསོད་ཡོ་ཆས་བེད་སྤྱོད་བྱེད་སྟངས། མེ་ཟོན་ཉེན་བརྟ་གཏོང་སྟངས་དང་ནང་དོན། མེ་ཤོར་ས་ནས་སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་བྱེད་ཐབས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་ཡོད། དེ་དང་དུས་མཚུངས་ཚང་མར་མེ་ཟོན་བདེ་འཇགས་ལ་མཐོང་ཆེན་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་བཤེར་རང་བཅོས་ཀྱི་བྱ་ཐབས་སྤྱོད་པ། མེ་ཟོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་བཅས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། ལྷག་ཚེས་ཞུས)