《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月14日

ཁ་བ་བུ་ཡུག་ཁྲོད་དུ་གདང་ལའི“མཁའ་ལམ”སྲུང་མཁན།

འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས། ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལར་ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་མང་དུ་ཕྱིན་ཡོད།

ལྷགས་པ་རིམ་པ་བཅུ་ལྡང་བ་དང་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་དགུ་ཟིན་པའི་གནམ་གཤིས་ཤིན་ཏུ་གྲང་མོ་བསྟན་ཞིང་། ལི་ཧྭ་ཁྲུན་གྱིས་རླངས་འཁོར་ནང་གང་ཡོད་ཅི་ཡོད་བྱས་ཀྱང་རླངས་འཁོར་གྱི་མེ་སྤར་ཐུབ་མེད། ལོ་འཁོར་མོ་མཚོ་བོད་གཞུང་ལམ་ཐོག་སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བ་ཞིག་ཡིན་པའི་ངོས་ནས་ལམ་བར་གྱི་ཉེན་ཁ་ཆེ་ཤོས་ནི“བྱ་རྒོད་ཀྱང་འཕུར་མི་ཐུབ་པའི”གདང་ལའི་ཉག་ཁར་རླངས་འཁོར་ལ་སྐྱོན་ཤོར་བ་དེ་རེད།

མཚོ་སྔོན་གྱི་གོར་མོར་ལོ་གསར་གཏོང་བར་ལོག་རྒྱུའི་རེ་བ་ཇེ་ཆུང་དུ་འགྲོ་བ་ཤེས་སྐབས། ལི་ཧྭ་ཁྲུན་གྱི་སེམས་པ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་ཐབས་ཤེས་མེད་པར་ནང་མི་ཚོར“ང་རང་ཁྱིམ་དུ་ག་དུས་སླེབས་མིན་མི་ཤེས་པས། ཁ་ལག་བཟའ་རྒྱུར་མ་སྒུག་རོཌ”ཞེས་ཁ་པར་བརྒྱབ། ཁོང་འཁྱག་ལྟོཌ་ཀྱིས་མནར་བའི་སྐབས་སུ་རུ་སྣེ་ཁྲིད་ནས་སྐོར་གཡེང་བྱེད་བཞིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་སྒྲིག་ལམ་རུ་འབྲིང་གི་རུ་དཔོན་ཟླ་བ་ཡོན་ཏན་དང་འཕྲད།

ཟླ་བ་ཡོན་ཏན་དང་ལས་རོགས་ཚོས་སྒུལ་བྱེད་འཕྲུལ་འཁོར་གྱི་ཁེབས་ཕྱེ་ནས་གློག་ལམ་དང་སྒུལ་བྱེད་འཕྲུལ་འཁོར་ལ་ཞིབ་བཤེར་བྱས་ཏེ་གནད་དོན་ཡོད་པའི་ལྷུ་ལག་ལ་བཟོ་བཅོས་བརྒྱབ་པས་རླངས་འཁོར་གྱི་གློག་མགྱོགས་མྱུར་བསླངས་ཐུབ་ཡོད།

“རླངས་འཁོར་གྱི་གནད་དོན་རྦད་དེ་ཐག་གཅོད་ཐུབ་མེད་མོད། འོན་ཀྱང་བདེ་འཇགས་ངང་གོར་མོར་གཏོང་ཐུབ་པས། ལོ་གསར་གཏོང་བར་མགྱོགས་པོ་ལོག་ཅིག”ཅེས་ཟླ་བ་ཡོན་ཏན་གྱིས་ལི་ཧྭ་ཁྲུན་ལ་ལག་པ་གཡུག་གཡུག་བྱས་རྗེས་མུ་མཐུད་སྐོར་གཡེང་ལམ་དུ་བཞུད།

གདང་ལ་ནི་མཚོ་སྔོན་དང་བོད་ཀྱི་ས་མཚམས་ཡིན་པ་དང་། དེ་ནི་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་མཁའ་ལམ་ཞིག་ཡིན་པར་ཡུལ་སྐོར་བས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་མཁའ་ལམ་སྲུང་སྐྱོང་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་པའི་ངོས་ནས་བརྗོད་ན་དེ་ནི་དོན་ངོ་མའི“ཚེ་སྲོག་གི་ལམ་བུ”ཞིག་དེ་བས་རེད།

དཔྱིད་གསར་དུས་ཆེན་རིང་། ཟླ་བ་ཡོན་ཏན་སྔར་བཞིན་གདང་ལའི་ལས་སྒྲུབ་ས་ཚིགས་སུ་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ལས་སྒྲུབ་ས་ཚིགས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། གངས་གསོག་ཐེབས་པ་བཤངས་ནས་བགྲོད་ལམ་ཤར་གཏོང་གི་ལས་འགན་སྒྲུབ་པའི་རྣམ་པ་དེ་དུས་རྟག་ཏུ་ཟླ་བ་ཡོན་ཏན་གྱི་སེམས་སུ་ལྷང་ངེར་དྲན་ཞིང་། ཁོང་གིས“གངས་ཆེན་པོ་བབས་ཏེ་གསོག་ཚད་ཧ་ཅང་མཐུག་པའི་ཐོག་རླུང་བུ་རིམ་པ་བཅུ་གཉིས་ཙམ་ལྡང་བས། འཁོར་རིགས་མང་པོ་ལ་སྟེང་དུ་ལུས་པའི་རྣམ་པ་ནི་གློག་བརྙན་ནང་གི་སྣང་ཚུལ་དང་འདྲ་པོ་འདུག”ཅེས་བརྗོད།

“ཉིན་གཉིས་ལ་ཁ་ལག་ཐེངས་རེ་ལས་་རག་གི་མིན་འདུག་ལ་ད་དུང་ཉིན་བཅུ་གྲངས་ཁ་ཤས་རི་ནས་འབབ་མི་ཐུབ་པ་དང་། ལྟོགས་སྐབས་ཏན་ཞིམ་བཟའ་བ་དང་སྟབས་བདེའི་ཐུག་པ་འཐུང་བ་དང་། ངལ་དུབ་ཀྱིས་མནར་སྐབས་རླངས་འཁོར་ནང་མིག་ཡུད་ཙམ་བཙུམ་ནས་ངལ་གསོ་བ། ངོ་གདོང་བཙོག་པ་ཆགས་ཚེ་གངས་ཀྱིས་འཕུར་ཙམ་བྱེད་པ་དང་སྐོམ་ཚེ་གངས་ཁམ་གང་བཟའ་ཡི་ཡོད”

“མཁའ་ལམ”སྲུང་མཁན་ཞེས་པ་ནི་གདང་ལ་བརྒྱུད་ནས་འགྲོ་མཁན་ཁ་ལོ་བས་ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པར་འབོད་པའི་མིང་ཞིག་ཡིན། 2017ལོ་ནས་བཟུང་། རིམ་རྩིས་བྱས་ན། ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལ་སྟེང་དུ་ལུས་པའི་རླངས་འཁོར་ཐེངས་ཁྲི་14ལྷག་ཙམ་ཁ་འགྲེམས་པ་དང་། མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་རོགས་སྐྱོབ་བྱས་པར་མང་ཚོགས་ཀྱིས་བསྐུར་བའི་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་800ལྷག་ཙམ་འབྱོར་ཡོད།

“སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཟིན་པའི་ལམ་བར་དུ་ཁོང་ཚོ་མཐོང་ཚེ་རང་ཉིད་ཀྱི་སེམས་པའང་ལྷོད་ལ་འབབ་ཀྱི་འདུག”ཅེས་ལམ་བརྒྱུད་ནས་འགྲོ་མཁན་ཁ་ལོ་བ་ཞིག་གིས་བརྗོད།

“འདི་ལོ་ནི་རང་འཁྲིའི་ལས་གནས་ཐོག་བཏང་བའི་དཔྱིད་གསར་དུས་ཆེན་ཐེངས་བཅུ་གཉིས་པ་དེ་ཡིན”ཞེས་ཟླ་བ་ཡོན་ཏན་གྱིས་བརྗོད་ཅིང་། ཁོང་གིས“མ་གཞི་ནང་མི་དང་མཉམ་འཛོམས་བྱ་རྒྱུ་མ་བྱུང་ཡང་། ལམ་བརྒྱུད་ནས་འགྲོ་མཁན་ཚོ་བདེ་འཇགས་ངང་ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་རྒྱུར་རོགས་རམ་བྱེད་ཐུབ་ཚེ་དེ་ནི་སྡོད་རིང་ཆོག་པ་ཞིག་རེད”ཅེས་བརྗོད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)