ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥེ།
ལོ་གསར་ཚེས་གཅིག་ཉིན་སྲི་གཅོད་དབང་མོའི་ཁྱིམ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཁོང་གི་མགྲོན་བསུ་ཁང་ནང་ཚ་བོ་དང་ཚ་མོས་ཁེངས་པ་དང་རྒན་པ་ཚོ་བྲེལ་འཚུབ་ཆེ་བ་དང་ཕྲུ་གུ་ཚོ་ཅི་དགར་རོལ་བཞིན་འདུག
སྲི་གཅོད་དབང་མོའི་ཁྱིམ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོར་ཡོད།
འདི་ལོ་ལོ་85ལ་སླེབས་པའི་སྲི་གཅོད་དབང་མོ་ནི་དུད་ཆུང་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། ཁོང་ཆུང་བྱིས་པའི་དུས་ནས་ཨ་མ་ནད་གཞིས་རྐྱེན་པས་ཚེ་ལས་འདས་ཏེ་རྨོ་བོ་དང་མཉམ་དུ་འཚོ་བ་བསྐྱལ། “སྐབས་དེ་དུས་རང་ཁྱིམ་ལ་ནོར་ལུག་མེད་པས། ཞིང་བྲན་བདག་པོར་ཕྱུགས་འཚོ་རོགས་བྱས་ནས་ལྟོ་གོས་ཕྱིད་ཐབས་བྱེད་ཀྱི་ཡོད། དགུན་ཁ་ཤར་རིམ་བཞིན་ཁང་པའི་ཕྱོགས་གང་ས་ནས་ལྷགས་པ་འཚང་བ་དང་། ཕྱུགས་འཚོ་སྐབས་ལྷམ་ཉོ་མི་ཐུབ་པས་རྐང་པ་དང་ལག་པར་འཁྱགས་སྦོས་ཐེབས་ཏེ་ན་ཟུག་དྲག་པོ་གཏོང་གི་ཡོད། དེའི་སྐབས་ལོ་གསར་འཆར་རིམ་བཞིན་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་སྲི་གཅོད་དབང་མོས་བཤད།
1959ལོར་གངས་ལྗོངས་ས་མཐོར་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང། སྲི་གཅོད་དབང་མོའི་ཁྱིམ་ལའང་ནོར་མགོ་གྲངས་5བགོས་པས་འཚོ་བ་རིམ་གྱིས་ཇེ་ལེགས་སུ་སོང་།
དེ་སྔའི་ཁྱིམ་ཚང་ཆུང་ངུ་དེ་ད་ཆ་མི་བརྒྱ་ལྷག་ཙམ་ཡོད་པའི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར་ཡོད། སྲི་གཅོད་དབང་མོའི་སྡོད་ཁང་དཀར་ཆ་དོད་ལ་རྒྱ་ཆེ་ཞིང་། བརྙན་འཕྲིན་དང་འཁྱགས་སྒམ་སོགས་གློག་ཆས་གང་དགོས་ཡོད་པ་མ་ཟད། ཁྱིམ་དུ་ནོར་ལུག་ཀྱང་མང་པོ་ཡོད།
ལོ་གསར་གོང་སྲི་གཅོད་དབང་མོའི་བུ་ཆུང་བ་བསོད་ནམས་བློ་དར་གྱིས་རང་ཁྱིམ་གྱི་མེན་པའོ་རླངས་འཁོར་བཏང་སྟེ་རྫོང་གྲོང་ནས་ཕྱེ་མར་འབོ་དང་། བྱེ་རིལ། རྩེ་སྒྲོ་སོགས་ལོ་གསར་གྱི་མཁོ་ཆས་ཉོས་ཡོད་ལ་བུ་དང་ཚ་བོ་ཚོས་སྣ་མང་ཕུན་སུམ་ཚོགས་པའི་ལོ་གསར་མཁོ་ཆས་འཁྱེར་ཡོད་པ་རེད།
ལོ་གསར་ཚེས་གཅིག་ཉིན། སྲི་གཅོད་དབང་མོའི་བུ་ཕྲུག་ཚོས་རང་གི་བཟའ་ཟླ་དང་ཕྲུ་གུ་ཚོ་ཁྲིད་ནས་དེ་གར་མཉམ་འཛོམས་བྱས་ཏེ་ལོ་གསར་གཏོང་གི་ཡོད། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ནང་སྲི་གཅོད་དབང་མོའི་ཕྲུ་གུ་ཚོས་ཁོང་ལ་ཁ་བཏགས་གཡོག་ནས་གླུ་ལེན་གར་འཁྲབ་ཀྱིས་བདེ་སྐྱིད་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།