མི་རྣམས་དགའ་སྤྲོ་མཉམ་འཛོམས་བྱེད་པའི་སྐབས་སུ་མི་ཁག་གཅིག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ནད་པ་མྱུར་སྐྱོབ་བྱེད་པ་དང་། ལ་ལས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་མེ་འཁོར་འཁོར་སྐྱོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། ཡང་ལ་ལས་ཁ་བ་བུ་ཡུག་ལ་མ་འཛེམས་པར་འགྲིམ་འགྲུལ་བཀོད་འདོམས་བྱས་ཏེ་ལས་འཛོལ་དང་ཉེན་ཁར་དོགས་ཟོན་བྱེད་པ་ལ་སོགས། ཉེ་ཆར་གསར་འགོད་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཁོང་ཚོས་ལས་གནས་བརྟན་སྲུང་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་བའི་གནས་ཚུལ་ཐོར་བུ་ཟིན་ཐོར་བཀོད་པ་ཡིན།
ཟླ་2ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡོལ་ཙམ་ལ། སྐྱེས་པ་གཉིས་ཀྱིས་ལོ་གཉིས་ལ་སླེབས་པའི་བུ་མོ་ཆུང་ཆུང་ཞིག་ཁྲིད་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་འཕྲོད་བསྟེན་ཁང་དུ་བྲེལ་འཚུབ་ཆེན་པོས་ཡོང་། ལས་རེས་བྱེད་བཞིན་པའི་སྨན་གཡོག་བློ་སྒྲོན་གྱིས་གོམ་པ་མགྱོགས་པོ་སྤོས་ནས་མདུན་དུ་སྐྱོད། བུ་མོ་ཆུང་ཆུང་ཞིག་དབུགས་གཏོང་དཀའ་བ་དང་ཁ་དང་སྣ་ནས་ཁྲག་དོན་ཏེ་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་པ་རེད།
བུ་མོ་ཆུང་ཆུང་དེའི་པ་ཕ་དང་སྤོ་བོ་གཉིས་ཀྱིས་བུ་མོས་རྩེད་མོ་རྩེ་སྐབས་ཤེལ་རིལ་ཁའི་ནང་བླུགས་ནས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་མིད་པའི་ནང་དུ་ཤོར་ཏེ་མིད་པ་འགག་སོང་ཞེས་སེམས་ཁྲལ་ཆེན་པོས་བརྗོད།
བློ་སྒྲོན་གྱིས་ཤེལ་རིལ་ཕལ་ཆེར་གློ་ཡུའི་ནང་དུ་འགག་ནས་བསྡད་ཡོད་ངེས་རེད། གལ་ཏེ་མགྱོགས་པོ་སྐྱོབ་མ་ཐུབ་ན་མཇུག་འབྲས་ཚབས་ཆེན་བཟོ་ངེས་རེད་ཅེས་བརྗོད།
སྒོ་བསྟེན་སྨན་ཁང་གི་སྨན་པ་ལུའོ་ཕུང་གིས་གནས་ཚུལ་ཐོས་འཕྲལ་སྨན་དོན་མི་སྣ་གཉིས་དང་ཛ་དྲག་ངང་མྱུར་སྐྱོབ་བྱས། ཤེལ་རིལ་གང་མགྱོགས་བཏོན་ཐུབ་ནས་བུ་མོ་ཆུང་ཆུང་དེ་ཉེན་ཁའི་གནས་ལས་ཐར།
“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་ཏེ་ཁྱེད་ཚོ་མེད་ན་ང་ཚོ་འདི་ལོའི་ལོ་གསར་ཡག་པོ་ཞིག་གཏོང་ཐབས་བྲལ་སོང”ཞེས་ནང་མིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་སྨན་དོན་མི་སྣར་བཤད།
ཟླ་2ཚེས་10ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཤང་ཀང་ལམ་གྱི་རྐང་ཐང་ཁྲོམ་གཞུང་དུ་ཚོང་ཁང་མང་པོ་ཡོད་པ་དང་ཚོང་པ་ཉི་ཚེ་བ་མང་པོ་འཛོམས་ཡོད་པས་འཁྲུག་ཆ་ཧ་ཅང་དོད། སྤྲོ་སྣང་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་མི་དམངས་ཉེན་རྟོག་པའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད།
ཤང་ཀང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་པོ་ཙེ་ཆང་དཔྱིད་གསར་དུས་ཆེན་ཐེངས་བརྒྱད་བསྟུད་མར་ལས་རེས་འཁེལ་ཡོད་པ་རེད། “སྐོར་གཡེང་མཇུག་འགྲིལ་རྗེས་བརྙན་ལམ་བརྒྱུད་ཕ་མར་ལོ་གསར་གྱི་འཚམས་འདྲི་ཞུས་པ་ཡིན། ནང་མི་ཚང་མས་ང་ལ་བསམ་ཤེས་བྱས་པ་མ་ཟད། ད་དུང་ང་ལ་ལས་ཀ་ཡག་པོ་བྱེད་དགོས་པའི་མངགས་བྱ་ཡང་ཡང་བྱེད་ཀྱི་ཡོད”ཅེས་པོ་ཙེ་ཆང་གིས་བཤད།
དུས་ཆེན་རིང་། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཤང་ཀང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་རྒྱུན་ཆད་མེད་པར་ཁྲོམ་ར་དང་རྐང་ཐང་ཁྲོམ་གཞུང་དུ་སྐོར་གཡེང་བྱེད་པ་དང་། ཚོང་དུད་ལ་མེ་ཟོན་དང་རྐུན་འགོག་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་པ། མང་ཚོགས་ལ་སྒྲིག་ལམ་བརྩི་སྲུང་དང་རང་སྒེར་གྱི་རྒྱུ་དངོས་ལ་བདག་པོ་ཡག་པོ་རྒྱག་དགོས་པའི་མངགས་བཅོལ་བྱས་པ་སོགས་ལས། དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཆུང་ཆུང་གིས་མང་ཚོགས་ལ་དངོས་འབྲེལ་བདེ་འཇགས་ཆེན་པོ་ཚོར་བཞིན་ཡོད།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ནི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པ་བྲེལ་བ་ཆེ་ཤོས་ཀྱི་དུས་མཚམས་ཤིག་རེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དུས་ཆེན་གལ་ཆེན་ཁག་རིང་ལས་གནས་བརྟན་སྲུང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ཞིང་། ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཁག་སྤེལ་བ་བརྒྱུད་བདེ་འཇགས་དང་། ཡ་རབས། ཤར་བགྲོད་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་བཞིན་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཏང་གི་སློབ་གྲྭའི་ལམ་དུམ་བུར་སྐོར་གཡེང་བྱེད་མཁན་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་སྒྱུར་ལྟ་སྐུལ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཧོང་ཡུང་ཀང་དཔྱིད་གསར་དུས་ཆེན་ཐེངས་བཅོ་བརྒྱད་ནང་མི་དང་མཉམ་འཛོམས་བྱ་རྒྱུ་བྱུང་མེད། “ང་ནི་ཏང་ཡོན་ཡིན་ལ་འགྲིམ་འགྲུལ་ཉེན་རྟོག་པའང་ཡིན་པས། ལས་གནས་བརྟན་སྲུང་དང་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ཡག་པོ་བྱེད་པ་ནི་ངས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཞིག་ཡིན”ཞེས་ཧོང་ཡུང་ཀང་གིས་བཤད།
སྔ་དྲོའི་ཆུ་ཚོད་11ལ། ལས་གནས་ཐོག་བསྐྱོད་པ་དང་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་8པར་ལས་ཀ་གྲོལ། ལྷ་ས་གྲོང་ཁྱེར་བྱང་སྐོར་ཕུག་ལམ་ཁའི་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་བཀྲ་གཡང་སྔ་ས་ནས་ལས་ཀ་དེར་གོམས་པ་དང་། ལོ་13རིང་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་ཐུབ་མེད། “ནང་མི་མཉམ་འཛོམས་བྱ་རྒྱུ་ནི་སྤུན་མཆེད་ཀྱི་རེ་སྒུག་ཡིན་མོད། འོན་ཀྱང་བདེ་འཇགས་ལ་ང་ཚོས་སྲུང་སྐྱོང་བྱེད་དགོས”ཞེས་ཤོད་ཀྱིན་བཀྲ་གཡང་གིས་མུ་མཐུད་ལས་ཀ་བྱེད་འགོ་ཚུགས།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ལྕགས་ལམ་བ་ཞིག་གི་ངོས་ནས་བརྗོད་ན་ལོ་ལྟར་བྲེལ་བ་ཆེ་ཤོས་དང་ལས་ཀའི་དུས་མཚམས་གལ་ཆེ་ཤོས་ཤིག་རེད། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་ཁང་ནང“ལག་ཐོགས་ཁ་པར་གྱི་གློག་གསོག་སྒྲིག་ཆས”མང་དུ་བཏང་བ་དང་། ཞབས་ཞུ་སྟེགས་བུའི་ཐོག་དམངས་ཕན་སྨན་སྒམ་དང་། ལྗང་མདོག་བགྲོད་ལམ་བྱང་བུ། ཁབ་སྐུད་སྒམ། སྟབས་བདེའི་གཅེས་སེམས་ཁུག་མ་སོགས་ཀྱི་དངོས་རྫས་ཡོད་པ། མེ་འཁོར་བབས་ཚུགས་ཀྱིས་ད་དུང་རིན་མི་དགོས་པར་འགྲུལ་པར་གསོ་རླུང་དང་། ཉེ་གདུགས། ལག་ཁྱེར་པར་སློག་འཕྲུལ་ཆས་སོགས་ཀྱི་དམངས་ཕན་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ་མཐོང་བྱུང་།