ཉེ་བའི་ལོ་ཤས་རིང་། མང་ཚོགས“ལུས་སྦྱོང་བྱེད་ས་མེད་པའི”དཀའ་གནད་ཐག་གཅོད་བྱ་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལུས་རྩལ་རྣམ་གྲངས་ཀྱི་སྒྲིག་བཀོད་ཕུན་སུམ་ཚོགས་སུ་བཏང་སྟེ། མི་ཚོགས་མི་འདྲ་བའི་ལུས་སྦྱོང་གི་དགོས་མཁོ་བསྐངས་ཡོད། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་ལ་གྲོང་ཁྱེར་གྱི་སྤྱི་གླིང་8ཡོད་པ་དང་། དེའི་ནང་མ་དངུལ་སྒོར་ཁྲི་9200བཏང་བ་དང་ས་ཆ་སྨི་ངོས་གྲུ་64254.5སྤྱད་དེ་བསྐྲུན་པའི་སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལུས་རྩལ་སྤྱི་གླིང་སྒོ་ཕྱེ་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། སྟོད་ལུང་བདེ་ཆེན་ཆུས་ལྟེ་བའི་སྤྱི་གླིང་། གཙང་འགྲམ་གྱི་མཛེས་ལྗོངས་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
རྣམ་གྲངས་འདི་དག་ནི་ཉེ་བའི་ལོ་ཤས་རིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་མཚོན་ཚུལ་ཞིག་རེད།
རྩེ་རིམ་ཇུས་འགོད་ལ་དམིགས་ནས་མཛེས་སྡུག་ལྡན་པའི་འཆར་གཞི་གསར་པ་བཀོད་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྷ་ས་གྲོང་ཁྱེར་དུ“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་ཆུས་ཀྲང་གི་ཐད་སྦྲེལ་ཁ་པར་ཐོག་མར་བཙུགས་པ་དང་འབྲེལ“གྲོང་རྡལ་དང་ཁྲོམ་གཞུང་གིས་བརྡ་གཏོང་བ་དང་། སྡེ་ཚན་དུ་འབྱོར་ཐོ་འགོད་པའི”ལས་ཀའི་ལམ་སྲོལ་ཆགས་པར་བྱས་ནས“མིག་གིས་མཐོང་ཡང་དོ་དམ་བྱེད་མི་ཐུབ་པ”དང“དོ་དམ་ཐུབ་ཀྱང་མིག་གིས་མི་མཐོང་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་སྒྲོམ་གཞི་དང་། བྱ་ཐབས་ཀྱི་མ་ལག ལྷུ་ཚིགས་བཀོད་སྒྲིག་བཅས་གཞི་རྩའི་ཆ་ནས་གྲུབ་སྟེ“གྲོང་ཁྱེར་གྱི་སྐྱོན་ཆའི”རྙིང་ཆེ་དཀའ་གསུམ་གྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ནུས་ལྡན་ཐུབ་ཡོད།
མཐོ་གནས་ནས་སྐུལ་འདེད་གཏོང་བར་དམིགས་པ། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་ཆུས་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆུས་ཨུད་དང་། ཆུས་སྲིད་གཞུང་དང་ལྗོངས་ཐད་གཏོགས་ཚན་པ་57དང་། གྲོང་རྡལ(ཁྲོམ་གཞུང)6 གྲོང་ཚོ(སྡེ་ཁུལ)34བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་གསལ་པོ་བཟོས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི“ཁོར་ཡུག་སྲུང་སྐྱོང་ཆེ་མོའི”ལས་ཀའི་རྣམ་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།
ཆུ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་པའི་ཁོར་ཡུག་གསར་པ་བཏོད་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.17ལྷག་ཙམ་བཏང་བའི་གྲོང་ཁུལ་གྱི་ཆུ་ལག་འབྲེལ་མཐུད་ལས་གྲྭ་དང་སྒོར་དུང་ཕྱུར་6.6ལྷག་ཙམ་བཏང་བའི་སྟོད་ལུང་གཙང་པོའི་ངོགས་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི(སྨད་རྒྱུད)རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྲོང་ཁུལ་གྱི་འབྲུབ་འགོག་མ་ལག་འཐུས་སྒོ་ཚང་དུ་ནུས་ལྡན་བཏང་བ་དང་གྲོང་ཁུལ་གྱི་ཆུའི་ཁོར་ཡུག་ལེགས་སུ་དང་ཆུའི་མཛེས་ལྗོངས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། གདོང་དཀར་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། ཞིང་འབྲོག་ཁུལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད། རེས་སྐོར་གསར་པའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་ཀྱི་གཙོ་གནད་རྣམ་གྲངས་འཆར་འགོད་ལག་བསྟར་བྱས་ཏེ་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཆུ་འབོར་ཕུན་སུམ་ཚོགས་པ་དང་། ཆུ་སྤུས་ལེགས་པ། ཡུལ་ལྗོངས་མཛེས་པ་བཅས་ཡོང་བར་བྱས་ཡོད།
ཁོར་ཡུག་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་བ། ཐལ་རྡུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁུལ་དུ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་ལྟ་སྐུལ། རང་གིས་རང་གཅུན་པ། མཉམ་སྐྲུན་མཉམ་འདོམས་བཅས་ཀྱི“ལམ་དཔོན་ལམ་ལུགས”ཀྱི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་གྲུབ་པར་བྱེད་པ་དང་། གཞུང་ལམ་གཙོ་བོའི་ལམ་དུམ་15ལ་ལམ་དཔོན་15བཀོད་སྒྲིག་བྱས་ཏེ་གཞུང་ལམ་གྱི་ཐལ་རྡུལ་གནད་དོན་ལ་ལྟ་འདོམས་ནན་པོ་བྱས་ནས་མཁའ་རླུང་གི་སྤུས་ཚད་ལེགས་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད། “ཆུ་དཔོན་ལམ་ལུགས”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཆུ་སྤུས་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་སྟོད་ལུང་གཙང་པོ་དང་ཆུ་ཕྲན་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས། ཁོངས་གཏོགས་ཁུལ་གྱི་ཆུ་བོ་དང་དེ་བཞིན་འཐུང་ཆུའི་སྤུས་ཚད་100%རྒྱུན་འཁྱོངས་ཐུབ་ཡོད།
གྲོང་ཁྱེར་སྔོ་འགྱུར་ལ་སྣང་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བཏོད་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྗང་མདོག་གིས་གྲོང་ཁྱེར་སྐོར་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གཙོ་གནད་འདུ་འགོད་ལག་ལེན་བསྟར་བ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར(གདོང་དཀར་ཡུག་ཁུལ་དང་པོ་དང་གཉིས་པ)ལས་དོན་ཤུགས་ཆེན་སྤེལ་བ། ལྷ་སའི་ཉེ་འཁོར་གྱི་འགོག་སྲུང་ནགས་ཚལ་མ་ལག(གཙོ་གནད་ས་ཁོངས་ཀྱི་ནགས་བཟོ)གི་འདུ་འགོད་དང་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་རི་རྒྱ་ནགས་བཟོའི་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བཅས་བྱས་ནས་རིམ་རྩིས་བྱས་ན་འོས་འགན་ཤིང་་རྐང་ཁྲི་7.6ལྷག་ཙམ་བཏབ་པ་དང་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་800དང་རི་རྒྱ་ནགས་བཟོ་མུའུ་4400ལྷག་ཙམ་ལེགས་སྒྲུབ་བྱས་པས་ནགས་ཚལ་སྔོ་འགྱུར་ཁྱབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
ལྗང་མདོག་གི་འཚོ་བར་སྣང་ཆེན་བྱས་པ།“སྒོར་གཅིག་གིས་སྟོད་ལུང་བསྐོར་བའི”ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་དང་འགྲུལ་སྐྱེལ་རླངས་འཁོར་གྱི་ཐེངས་གྲངས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས“གཡུ་ཐོག་གི་ཕ་ཡུལ་དང་། ལྷ་མོའི་ཕ་ཡུལ། སྐྱེ་ཁམས་སྟོད་ལུང”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་མི་སེར་གྱི་འཚོ་བའི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་བ་དང་སྡོད་མལ་དང་མ་འཇོག་ཁོར་ཡུག་ལེགས་སུ་བཏང་སྟེ་ཞི་མཐུན་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་བཏང་ཡོད།
དྲིལ་བསྒྲགས་དང་ཁྲིད་སྟོན་ལ་སྣང་ཆེན་བྱས་པ། 《སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བྱ་སྤྱོད་ཚད་གཞི(ཚོད་ལྟའི་ལག་བསྟར)》བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་ལག་བསྟར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ“སྐོར་སྐྱོད་དང་སྒོ་རྩར་སྐྱོད་པའི”དྲིལ་བསྒྲགས་གཙོ་བོར་བྱེད་པ་དང་དཔུང་སྡེ་དང་། དགོན་སྡེ། ཁེ་ལས། གྲོང་རྡལ(ཁྲོམ་གཞུང)བཅས་གཞོགས་འདེགས་བྱ་རྒྱུ་ཕལ་པར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཚོ་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཞུགས་པར་ཁྲིད་སྟོན་བྱས་ཏེ་མི་ཚང་མས་རང་བྱུང་ཁམས་ལ་བརྩི་འཇོག་དང་ཁོར་ཡུག་སྲུང་སྐྱོང་ལ་དགའ་ཞེན་བྱེད་པའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཆགས་པར་བྱས་ཡོད།
པར་①ནི་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ལུང་གཞུང་གི་མཛེས་ལྗོངས་ཡིན་པ།
པར་②ནི་སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལུས་རྩལ་སྤྱི་གླིང་གི་ཟུར་ཞིག་ཡིན་པ།
པར་③ནི་མཁའ་དབྱིངས་ནས་པར་བླངས་པའི་སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལུས་རྩལ་སྤྱི་གླིང་ཡིན་པ།
པར་④ནི་ཁྱིམ་བདག་གིས་ཕྲུ་གུ་ཁྲིད་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་བྱ་སྒྲོའི་སྤོ་ལོ་རྩེ་བཞིན་པ།
པར་⑤ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་ལྗོངས་ཆ་ཚང་ཡིན་པ།