《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་དུ།

རླམ་རྩྭ་ཕོ་སུལ་ལས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་བྱུང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། དགུན་དུས་ཉིང་ཁྲི་གྲོང་ཁྱེར་དུ་གྲང་རླུང་འུར་འུར་ལྡང་བཞིན་ཡོད་ཀྱང་། མེ་ཏོག་རྫོང་དགུ་ཐང་ཤང་གི་གྲོང་མིའི་སེམས་ནང་དགའ་ཚོར་ལས་བྱུང་བའི་དྲོད་འཁོལ་ཞིག་སྐྱེས། ཉེ་བའི་ལོ་ཤས་རིང་། དགུ་ཐང་ཤང་གིས་མང་ཚོགས་ལ་རླམ་རྩྭ་ཕོ་སུལ་འདེབས་པར་སྐུལ་ཁྲིད་བྱས་ནས་རླམ་རྩྭ་ཕོ་སུལ་ཆུང་ཆུང་དེ་དག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བའི“ཕྱུག་འགྱུར་ཤ་མོར”འགྱུར་བར་གཞོལ་ཡོད།

དགུ་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཝུའེ་ཡིས། རླམ་རྩྭ་ཕོ་སུལ་ནི་བཟའ་བཅའ་དང་སྨན་རྩྭ་གཉིས་ཀར་སྤྱོད་པའི་བཟའ་བྱའི་ཤ་མོ་རྩ་ཆེན་ཞིག་ཡིན་ཞིང་། དེར་ཐུན་མོང་མ་ཡིན་པའི་དྲི་ཞིམ་ལྡན་པའི་ཁར་འཚོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་ཡོད། 2023ལོར་དགུ་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་ནུས་ལྡན་བྱས་ཏེ། རླམ་རྩྭ་ཕོ་སུལ་འདེབས་འཛུགས་དྲོད་ཁང་ཆེན་པོ་49མང་དུ་བཏང་བར་འདེབས་ཁྱོན་མུའུ་43ཟིན་ཡོད་ཅེས་གསར་འགོད་པར་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་མཉམ་ལས་ཁང་2016ལོར་བཙུགས་ཤིང་། མཉམ་ལས་ཁང་གིས་དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་གསར་པ་ཧུར་ཐག་བཏོད་དེ། བཟའ་བྱའི་ཤ་མོའི་སོན་འདེབས་གསོ་དང་དེ་བཞིན་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ལག་རྩལ་ཧུར་ཐག་སྦྱངས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་མང་དུ་བཏང་ཡོད། དགུ་ཐང་ཤང་གི་གྲོང་མི་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་ཆེད། ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་མཉམ་ལས་ཁང་གིས་སྤྱི་ཕན་ལས་གནས་བཏོད་ནས་དགུ་ཐང་ཤང་གི་ངལ་རྩོལ་ནུས་ཤུགས་ལྡན་པའི་གྲོང་མི་143ལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་མ་ཟད། ལས་མང་ཐོབ་མང་གི་བྱེད་ཐབས་སྤྱད་དེ་གླ་ཕོགས་སྤྲད་ནས་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་བཏང་བ་རེད།

གཞན་ཡང་། དགུ་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་པ་གདན་དྲངས་ནས་འདེབས་འཛུགས་དུད་ཚང་ལ་གླ་སྤྲོད་མི་དགོས་པར་ལག་རྩལ་བསླབ་པར་ཐེངས་10ལྷག་ཙམ་ཕྱིན་ཡོད་པ་རེད། དགུ་ཐང་ཤང་གི་རླམ་རྩྭ་ཕོ་སུལ་འཚོང་བའི་གནད་དོན་ཐག་གཅོད་བྱ་ཆེད། དགུ་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་མཉམ་ལས་ཁང་དང་གྲོས་མཐུན་བཞག་སྟེ་བཏབ་པའི་རླམ་རྩྭ་ཕོ་སུལ་དེ་དག་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ཉོས་ནས་མངགས་ཐོ་ཅན་གྱི་འདེབས་འཛུགས་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱས་ཏེ་མང་ཚོགས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་ནུས་ཤུགས་ཡོད་རྒུས་བསལ་བ་རེད། (ཚེ་སྒྲོལ་གྱིས་བསྒྱུར། ཚེ་སྒྲོལ་དང་བསོད་དཔས་ཞུས)