《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས།

ཐབས་མང་མཉམ་སྤྱོད་ཀྱིས་དགུན་འདེབས་ལས་དོན་ ལ་དམ་འཛིན་ཡག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་བོད་ཀྱི“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེན”བཅས་ཀྱི་ལས་ཀའི་བླང་བྱར་དམ་པོར་དམིགས་ནས“བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག འབབ་འཕར་ལ་སྐུལ་འདེད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་ཡོངས་ནས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱིས་འགག་རྩའི་དུས་ཚིགས་ལ་དམ་འཛིན་ཧུར་ཐག་བྱས་ནས་སྟོན་རྨོད་དགུན་འདེབས་ཀྱི་ལས་དོན་སྔོན་ལ་ཇུས་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་འབྲུ་རིགས་བདེ་འཇགས་འགན་ལེན་གྱིས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་དགུན་གྲོ་དང་དགུན་ནས་མུའུ་ཁྲི་6.62(དེའི་ནང་དགུན་གྲོ་མུའུ་ཁྲི་4.67དང་དགུན་ནས་མུའུ་ཁྲི་1.95ཚུད་པ)བཏབ་ཟིན་པ་རེད།

ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས“སྔ་ཙམ་ནས་བཀོད་སྒྲིག་དང་སྔ་ཙམ་ནས་དོན་འཁྱོལ་བྱེད་རྒྱུ”ནང་དོན་གཙོ་བོར་བརྩིས་ནས་ཏང་སྲིད་ཀྱི“གཙོ་འགན་འཁུར་མཁན”གྱིས་ལས་དོན་བཀོད་སྒྲིག་ལ་དམ་འཛིན་དང་། ལས་བགོས་འགོ་ཁྲིད་ཀྱིས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག ལས་སྒོའི་ཚན་ཁག་གིས་ལས་དོན་དོན་འཁྱོལ་ལ་ཐད་ཀར་དམ་འཛིན་བཅས་ཀྱི་རྣམ་པ་གཞིར་བཟུང་། མི་རྒྱུ་དངོས་གསུམ་སྔོན་ལ་གཅིག་འདོམས་བཀོད་སྒྲིག་བྱས་ནས་ལྷུ་ཚིགས་ཁག་གི་གྲ་སྒྲིག་དང་ལག་བསྟར་ལས་དོན་ཏན་ཏིག་བསྒྲུབས་ཡོད་པ་རེད།

ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྐྱོད་པའི་ལག་རྩལ་གྱི་འགན་གཙང་འགན་ལེན་ལས་དོན་དེ་གོ་སྐབས་སུ་བྱས་ནས་ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ད་དུང་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་གཅིག་གཏད་གཅིག་དང་། ངོ་ཐུག་གདོང་ཕྲད། རྩལ་ཁྲིད་བཅས་ཀྱི་མཛུབ་ཁྲིད་ཞབས་འདེགས་ཞུས་ནས་ཞིང་འབྲོག་པར་ས་ཁོད་སྙོམས་པ་དང་། འདེབས་འཛུགས། ལུད་རྒྱག་པ། འཁྱག་འགོག་སོགས་ལྷུ་ཚིགས་ཀྱི་འགག་རྩའི་ལག་རྩལ་ལ་མཛུབ་ཁྲིད་བྱས་ཏེ་ཐོན་སྐྱེད་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་སྤུས་ལེགས་ཀྱི་ས་བོན་ཁྱབ་གདལ་དང་། སྟོན་བསྡུའི་འཕྲུལ་ཆས་བཀོད་སྒྲིག སོན་བཟང་དང་རྫས་ལུད་སོགས་ཞིང་ལས་དངོས་ཟོག་གྲབས་གསོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད་པ་རེད།