《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

ལྷ་སའི“ཤ་ཚལ་སྒོང་གསུམ”འདང་ངེས་དང་རིན་གོང་བརྟན་ལ་མཁོ་སྤྲོད་འགན་ལེན་ཡོད་པ།

ལྷ་སའི་གནམ་གཤིས་གྲང་དུ་ཕྱིན་པ་དང་བསྟུན་ནས་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་ལ་གཡོག་བྱེད་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི(གཤམ་དུ་ཁྲེང་ཀོན་ས་གཙང་ཞེས་བསྡུ་རྒྱུ) ཞིང་ལས་ལག་རྩལ་པ་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཁག་ཏུ་བསྐྱོད་དེ། འདེབས་འཛུགས་དུད་ཚང་ལ་ཚན་རིག་དང་མཐུན་པའི་གཡོག་བྱེད་བྱ་ཐབས་མཛུབ་ཁྲིད་བྱས་ནས་སྔོ་ཚལ་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་གཏིང་ཡོད།

དགུན་དུས་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་སྐྱེ་འཚར་བཟང་བ།

དགུན་སྟོད་ཀྱི་ནམ་དུས་སུ་ས་གཞི་ཆེན་པོ་སྐྱ་ཐིང་ངེར་གནས་ཀྱང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཇིན་ཚལ་དང་། ལ་ཕུག སོ་ལོ་སྔོན་པོ་སོགས་སྐྱེ་འཚར་ཤིན་ཏུ་བཟང་།

དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་མཉམ་ལས་ཁང(གཤམ་དུ་མཉམ་ལས་ཁང་ཞེས་བསྡུ་རྒྱུ)གི་ལས་འཛིན་དཔོན་ལྷག་པ་ཚེ་རིང་གིས་གསར་འགོད་པར་བརྗོད་དོན། མཉམ་ལས་ཁང་གིས། ཀུང་སི་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱི་བྱ་ཐབས་གཞིར་བཟུང་གཉེར་སྐྱོང་བྱེད་ཀྱི་ཡོད་ཅིང་། ད་ཆ་དྲོད་ཁང་ཆེ་མོ་སྟར་པ་471ཡོད་པར་རྒྱ་ཁྱོན་མུའུ་535.16ཡོད་ཅིང་། 2015ལོར་མཉམ་ལས་ཁང་གིས་བཏབ་པའི་ཞིང་ལས་ཐོན་རྫས་སྣ་ཁ་14ལ་ཞིང་ལས་གྲོང་གསེབ་པུའི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཐོབ་ཡོད།

“དཔལ་སྡིངས་གྲོང་ཚོར་ཡུལ་དེ་གའི་ཚལ་འདེབས་ཞིང་དུད་ཁྱོན་20ལྷག་ཙམ་ཡོད་པ་དེ་དག་གིས་རྒྱུན་དུ་སྔོ་ཚལ་འདེབས་པ་དང་། བསྡུ་བ། འཚོང་བ་བཅས་བྱེད་སྐབས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”ཅེས་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མི་བདེ་སྐྱིད་ཀྱིས་བརྗོད་པ་དང་། ཁོང་གིས་དུད་ཚང་གཅིག་གི་དྲོད་ཁང་ཆེ་མོའི་ལ་ཕུག་སྨིན་སྐབས་ཚང་མས་མཉམ་དུ་རོགས་རམ་བྱས་ནས་དེ་ཉིན་བསྡུས་པའི་ལ་ཕུག་སང་ཉིན་ས་གཙང་སྒོ་རྩིས་ཚོང་ཁང་དུ་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད།

མཛོད་འཇུག་དང་སྡེབ་སྐྱེལ་སོགས་མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུ་མངོན་འགྱུར་བྱུང་བ།

མཉམ་ལས་ཁང་གི་འགྲམ་དུ་ལྷ་ས་གྲོང་ཁྱེར་ཁྲོང་ཀོན་ཆུས་ཧེང་ཐུང་ཟོག་འགྲེམས་ཁུལ་ཡོད་ཅིང་། ཁྲེང་ཀོན་ས་གཙང་གི་མཛོད་ཁང་ལྟེ་གནས་གླིང་ཁུལ་ནང་ཡོད། ཁྲེང་ཀོན་ས་གཙང་མཛོད་འཇུག་པུའི་གཙོ་འགན་འཁུར་མཁན་བློ་བཟང་གིས་ངོ་སྤྲོད་བྱས་དོན། མཛོད་འཇུག་ལྟེ་གནས་སུ་ཁྱོན་མཛོད་ཁང་13དང་སྔོ་ཚལ་གྱི་ལས་སྣོན་འཁོར་ཁང་1ཡོད། དེའི་ནང་སོས་ཉར་འཁྱགས་ཁང་9ཡི་ས་བཟུང་རྒྱ་ཁྱོན་མུའུ་12ཟིན་ནས་སོས་པ་ཉར་ཚགས་བྱེད་ཚད་ཏུན་3307ཟིན་ཡོད། འཁྱགས་ཁང་4ཡི་ནང་ཉར་ཚགས་བྱེད་ཚད་ཏུན་2025ཟིན་ཡོད། མཛོད་འཇུག་ལྟེ་གནས་སུ་གཙོ་བོ་སྔོ་ཚལ་དང་། ཤིང་འབྲས། ཤ་རིགས་སོགས་སྣ་ཁ་400ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་། ལྷ་ས་གྲོང་ཁུལ་གྱི་ལས་ཁུངས་ཚན་པ་71དང་སློབ་གྲྭ་139ཡི“འགན་ལེན་གསུམ”གྱི་དངོས་ཟོག་འགན་སྲུང་དང་རྒྱུན་གཏན་གྱི་སྡེབ་སྐྱེལ་གྱི་འགན་ཁུར་གྱི་ཡོད།

བློ་བཟང་གིས་ངོ་སྤྲོད་བྱས་དོན། ཞིང་ཞོར་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་འགན་ལེན་བྱ་ཆེད། ཁྲོམ་ར་ཕྱོགས་བསྡུས་གཞུང་ལས་ཁང་གི་ལས་དོན་པས་ཉིན་ལྟར་ཁྲོམ་རའི་ནང་གི་ཞོར་ཟས་དང་ཤ་རིགས་ཐོན་རྫས་ཀྱི་ཕྱིར་ཚོང་འཛིན་ཤོག་ལ་ཞིབ་བཤེར་དང་བཟའ་བཅའི་དུས་ཚོད་ཡོལ་མིན་ལ་སྐོར་ཞིབ་བྱེད་པ་དང་ཆབས་ཅིག ཞིབ་དཔྱད་ལྟེ་གནས་ཀྱི་ལས་དོན་པས་ཉིན་ལྟར་ཁྲོམ་རར་འཚོང་བའི་སྔོ་ཚལ་ལ་དཔེ་འཐེན་ཞིབ་བཤེར་བྱེད་ཀྱི་ཡོད། ཚད་གཞི་མ་ལོན་པའི་ཐོན་རྫས་ཤེས་རྟོགས་བྱུང་རིགས་འཕྲལ་མར་ཐག་གཅོད་བྱས་ཏེ་འཚོང་དུ་འཇུག་གི་མེད། ཞིབ་དཔྱད་བྱས་འབྲས་ཚང་མ་དུས་ཐོག་ཏུ་ལྟ་འདོམས་ལས་སྟེགས་ཁག་ལ་སྐུར་བ་དང་འབྲེལ། མཛོད་འཇུག་ལྟེ་གནས་སུ་བརྒྱུད་སྐྱེལ་བྱེད་ཀྱི་ཡོད། ཁྲོམ་རར་ཉིན་རེར་ཆ་སྙོམས་སྔོ་ཚལ་ཚོང་གཉེར་བྱེད་ཚད་ཏུན་30ཙམ་ཟིན་ཞིང་། ཤིང་འབྲས་ཏུན་5ཙམ་དང་། ཆུ་ཐོན་ཐོན་རྫས་ཏུན་0.5ཙམ། ཤ་རིགས་ཏུན་8ཙམ་བཅས་ཟིན་གྱི་ཡོད།

སྡེ་ཁུལ་དུ་སྒོ་རྩིས་ཚོང་ཁང་བཙུགས་ནས་དམངས་ལ་ཕན་བདེ་བསྐྲུན་པ།

ལྷ་ས་གྲོང་ཁུལ་གྱི་ཁུལ་ཆུང་མང་པོའི་ཉེ་འགྲམ་དུ་ཁྲེང་ཀོན་ས་གཙང་དམངས་ཕན་སྒོ་རྩིས་ཚོང་ཁང་ཡོད། ཁྲེང་ཀོན་ས་གཙང་སྒོ་རྩིས་ཚོང་ཁང་དར་དམར་དུས་ཐེངས་གསུམ་པའི་སྡོད་ཁང་ཁུལ་གྱི་ཚོང་ཁང་དུ་སྐྱོད་སྐབས་སྔོ་ཚལ་དང་ཤིང་འབྲས། འབྲས་དང་གྲོ་ཞིབ། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་གང་དགོས་ཚང་མ་ཡོད་པ་དང་། “ལྷ་ས་ས་གཙང”ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཀྱི་ཐོན་རྫས་ཏཱ་ཀྲའོ་གནས་ཆུ་དང་། ས་གཙང་འོ་མ། འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཚོང་སྒྲོམ་སྟེང་བསྒྲིགས་ཡོད།

སྐལ་བཟང་བློ་གྲོས་ཀྱིས་ངོ་སྤྲོད་བྱས་དོན། དར་དམར་དུས་ཐེངས་གསུམ་པའི་ཚོང་ཁང་2023ལོའི་ཟླ་5ཚེས་1ཉིན་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་ནས་ཉིན་རེའི་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་གྱི་ཡོད།

ཁྲེང་ཀོན་ས་གཙང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བཀྲ་ཤིས་བསོད་ནམས་ཀྱིས་ངོ་སྤྲོད་བྱས་དོན། དུས་འགོར། ཁྲེང་ཀོན་ས་གཙང་ཀུང་སིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁྲོམ་རར་བརྟག་ཞིབ་རགས་ཙམ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཁྲོམ་གཞུང་ཁོངས་གཏོགས་ཁུལ་12སུ“སྡེ་ཁུལ་གཅིག་ལ་སྒོ་རྩིས་ཚོང་ཁང་གཅིག”གི་བཀོད་སྒྲིག་བྱེད་སྟངས་གཞིར་བཟུང་། ཁྲེང་ཀོན་ས་གཙང་དམངས་ཕན་སྒོ་རྩིས་ཚོང་ཁང་59བཙུགས་ཡོད། འདི་ནི་ཁྲེང་ཀོན་ཆུས་ཀྱིས་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི“ཤ་ཚལ་སྒོང་གསུམ”གྱི་དམངས་འཚོའི་འདུ་འགོད་ལག་བསྟར་བྱས་རྗེས། ས་གཙང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བའི་དམངས་ཕན་གྱི་བྱ་ཐབས་གསར་པ་གཞན་ཞིག་རེད། དེ་དང་ཆབས་ཅིག་ད་དུང་ཁྲེང་ཀོན་ས་གཙང་ཀུང་སིས་ཁོངས་གཏོགས་ཁུལ་གྱི་འདེབས་འཛུགས་དུད་ཚང་དང་གསོ་ཚགས་དུད་ཚང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་ཉེ་འཁོར་གྱི་ཡུལ་མིའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། (ཚེ་རིང་བུ་ཁྲིད་དང་པ་ཚེས་སྒྱུར་ཞུས་བྱས)