《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

ལིའུ་ཅང་གིས་དུས་ཆེན་རིང་གི་ལས་རེས་དང་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་2ཚེས་9ཉིན་ནི་ལུགས་རྙིང་ལོའི་གནམ་གང་ཡིན་པ་དང་། ཚེས་10ཉིན་ནི་ལོ་གསར་ཚེས་གཅིག་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བར་སྐོར་དང་། ལྷ་ལྡན་གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་སོགས་སུ་ཕེབས་ནས་དུས་ཆེན་རིང་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་ལས་རེས་དང་ལས་སྒྲུབ་གནས་ཚུལ་ལ་ཞིབ་བཤེར་བཀོད་གཏོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། གནམ་གང་དགོང་མོར་ལིའུ་ཅང་བར་སྐོར་དུ་ཕེབས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་དང་སྤྲོ་སེམས་འཁོལ་པོས་གླེང་མོལ་གནང་ཞིང་། ཁོང་གིས“ལྷ་སར་ལོ་གསར་གཏོང་བའི་ཚོར་སྣང་གང་འདྲ་འདུག་གམ”ཞེས་འདྲི་སྐབས། མཚོ་སྔོན་གྱི་ཡུལ་སྐོར་བ་ཀརྨ་རྡོ་རྗེས“འདི་གར་དུས་ཆེན་གྱི་རྣམ་པ་ཧ་ཅང་ཟབ་མོ་འདུག”ཅེས་ཞུས། ལིའུ་ཅང་གིས། དུས་ཆེན་རིང་མི་སྣ་འགྲུལ་བཞུད་བྱེད་མང་བས་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་ཨང་དང་པོར་བཞག་ནས་དོ་དམ་བྱེད་རིང་ཞབས་འདེགས་ཡག་པོ་ཞུས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ལ་བློ་བདེ་ཁམས་བདེ་དང་དྲོ་སྐྱིད་ཚོར་བའི་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།

“ལྷན་རྒྱས་ལོ་གསར་བཀྲ་ཤིས་བདེ་ལེགས” ལོ་གསར་ཚེས་གཅིག་ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ལིའུ་ཅང་གིས་ལས་རེས་དང་ལས་རེས་སྣེ་ཁྲིད་པ་རེ་རེ་བཞིན་ལ་ཕྱག་བཏང་ནས་མཇལ་དར་བསྒྲོན་པ་དང་སྨོན་འདུན་ཞུས་པ་མ་ཟད། བརྙན་ལམ་འབྲེལ་མཐུད་བརྒྱུད་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་རེས་དང་ལས་ཀའི་གནས་ཚུལ་ལ་བཀོད་གཏོང་གནང་བ་རེད།

ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་ལིའུ་ཅང་གིས་ལས་རེས་ལས་སྒྲུབ་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དད་ལྡན་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་དགོས་མཁོ་ཁྲིམས་ལྟར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འཚམས་འདྲི་གནང་རིང་། ལིའུ་ཅང་གིས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣས་ཁྱིམ་ཆུང་དོར་ནས་ཚང་མའི་དོན་དུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་ཤིང་། ཁོང་གིས། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། ལས་སྒྲུབ་དཔོན་དམག གཞི་རིམ་ལས་བྱེད་པ་བཅས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། འཕྲལ་སྡོམ་ལས་སྒྲུབ་དང་ལས་རེས་བརྟན་པོ་སྲུང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། དཀའ་སྤྱད་ལེགས་སྐྱེས་འབུལ་བར་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་འཇགས་ཡོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།