《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

རང་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོའི་རྟེན་འབྲེལ་ཞུས་པ།

འབྲུག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཤིང་འབྲུག་ལོའི་ལོ་གསར་ཉིན་གཅིག་ལ་ཏག་ཏག་འཁེལ་བ་དང་དུས་ཆེན་གཉིས་མཉམ་དུ་དགའ་སྤྲོའི་ངང་གཏོང་བཞིན་བཀྲ་ཤིས་ཉིས་བརྩེགས་ཀྱི་རྣམ་པ་ཟབ་མོ་མངོན། མི་རྣམས་ཀྱིས་བཀྲ་ཤིས་པའི་དུས་ཆེན་འདིར་ནང་མི་མཉམ་འཛོམས་ཀྱིས་གཉེན་ཉེའི་བརྩེ་དུང་མཚོན་པ་དང་སྤྲོ་སྣང་མཉམ་སྤྱོད་བྱས་ཏེ། རང་ལྗོངས་ཀྱི་ས་ཆ་ཁག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བས་གངས་ལྗོངས་ས་མཐོར་དཔྱིད་གསར་དུས་ཆེན་གྱི་རྣམ་པས་ཁེངས།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོར“‘ང་ཚོའི་ཀྲུང་གོའི་ཕུགས་འདུན’—རིག་གནས་ཁྱིམ་ཚང་ཁྲིར་སྤེལ་བ་དང་མཛེས་མཐུན་གྲོང་གསེབ། ལོ་གསར་དགའ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་འཚོགས་པ་རེད།

སྤྲོ་སྣང་དོད་པའི་རོལ་དབྱངས་ཁྲོད་འཁྲབ་སྟོན་འགོ་ཚུགས་པ་དང་ཞབས་བྲོ་དང་གླུ་གཞས་སོགས་ལྟད་མོ་ཆེ་བའི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟེ་ས་གནས་ས་ཐོག་གི་ལྟད་མོ་བའི་སྤྲོ་སྣང་རབ་ཏུ་འཕེལ་བར་བྱས།

གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ་བ་དང་སྙན་པའི་གླུ་གཞས་ལེན་བཞིན་སྤྱི་ཚོགས་ཞི་མཐུན་དང་། མི་རིགས་མཐུན་སྒྲིལ། བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ལ་གླུ་དབྱངས་ལེན་པ་དང་དུས་ཆེན་གྱི་དགའ་སྟོན་རྣམ་པ་རིམ་བཞིན་མངོན།

གྲ་རྒྱས་ཕུན་སུམ་ཚོགས་པའི་སྒོ་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་ལྒང་བཞུ་དང་དར་ཚོན་སྣ་ཚོགས་བཀལ།

གནམ་གང་ཉིན་མོར་གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་སྡོད་གླིང་དགུ་པའི་སྒོ་ར་དང་པོར་སྐྱོད་སྐབས་ཁུལ་ཆུང་གི་ཁྱིམ་ཚང་ཚང་མས་དཔྱིད་གསར་ཆ་ཡིག་སྦྱར་བ་དང་སྒོ་ཡོལ་གསར་རྐྱང་བརྗེས་འདུག་ལ་ལུས་ལ་གཟབ་མཆོར་སྤྲས་ཏེ་ལོ་གསར་གྱི་འཚམས་འདྲི་ཞུ་རེས་བྱེད་བཞིན་དུས་ཆེན་གྱི་དགའ་སྣང་མཉམ་སྤྱོད་བྱེད་བཞིན་མཆིས།

སྤྱི་ཟླ་གཉིས་པའི་བོད་བྱང་རྩྭ་ཐང་སྔར་བཞིན་གྲང་ངར་ཆེ་མོད། འོན་ཀྱང་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོའི་སེམས་ནང་དྲོ་སོབ་སོབ་ཡོད་ཅིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་དཔོན་དམག་ཚོས་དཔྱིད་གསར་ཆ་ཡིག་སྦྱར་བ་དང་ལྒང་བཞུ་དམར་པོ་བཀལ་ནས་དམག་སྒར་དུ་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ། འཐབ་འཛིང་པ་ཁྲེན་ཐའེ་ཧན་ཀྲི་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ད་ཐེངས་ནི་རང་ཉིད་དཔུང་སྡེར་སླེབས་པའི་ལོ་དང་པོ་ཡིན་ལ་ཕ་ཡུལ་ནས་བྲལ་ཏེ་ལོ་གསར་གཏོང་ཐེངས་དང་པོའང་ཡིན། མ་གཞི་ཕ་ཡུལ་ས་ཐག་རིང་མོད། འོན་ཀྱང་དེ་གར་རང་ཉིད་ལ་སྤྱིར་བཏང་མིན་པའི་དྲོ་སྐྱིད་ཚོར་བྱུང”ཞེས་བཤད།

དཔྱིད་གསར་དུས་ཆེན་རིང་གྲོ་མོ་རྫོང་གི“དང་བླངས་ཞབས་ཞུའི་ཚོང་ར”སྒོ་ཕྱེ་བ་དང་ཤེས་དཔལ་སྲོལ་གསར་ལས་ལོ་གསར་གྱི་རྣམ་པ་དེ་བས་སྤྲོ་སྣང་དོད་པར་གྱུར། གྲོ་མོ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་རིན་མེད་འོས་འགན་སྨན་བཅོས་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། བཅའ་ཁྲིམས་བློ་འདྲི། སྲིད་ཇུས་དྲིལ་བསྒྲགས། འོས་འགན་ངང་སྐྲ་བཞར་བ། ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་སོགས་དང་བླངས་ཞབས་འདེགས་ཁག་10ལྷག་ཙམ་ཞུས་པ་རེད།

ས་གནས་ས་ཐོག་ཏུ་འཁྲུག་ཆ་ཧ་ཅང་དོད་པ་དང་མི་ཚོགས་ཀྱིས་ཁེངས་ཤིང་། བཅའ་ཁྲིམས་བློ་འདྲི་དང་སྲིད་ཇུས་སྒྲོག་འགྲེལ་ཞབས་ཞུའི་ལས་སྟེགས་མདུན་དུ་དགའ་སྟོན་དང་བཀྲ་ཤིས་པའི་ལོ་གསར་གྱི་རྣམ་པས་ཁེངས་ཤིང་ཚང་མས་བཅའ་ཁྲིམས་ཤེས་བྱ་བློ་འདྲི་བྱས་པ་དང་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། འོས་འགན་སྨན་བཅོས་སྟེགས་བུའི་མདུན་དུ་བོད་སྐྱོར་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ནད་རྟགས་འདྲི་བ་དང་སྨན་ཐོ་འགོད་པ། ཚན་རིག་ཁྱབ་གདལ་ཞབས་ཞུའི་ཁུལ་དུ་ཚོན་མདོག་རྣམ་པའི་བཀྲ་བའི་ཤིང་ཏོག་དང་སྔོ་ཚལ་གྱི་ས་བོན་སྣ་ཚོགས་བསྒྲིགས་པ་ལས་ཕྱུག་འགྱུར་གྱི་རེ་བ་གསར་པ་སྦྱིན་པ། འོས་འགན་སྐྲ་བཞར་ཁུལ་དུ་ཆེད་ལས་ཀྱི་ཞབས་འདེགས་ཞུས་པ་ལས་མང་ཚོགས་ལ་ཕན་པ་ཐོབ་པ། དཔྱིད་གསར་དུས་ཆེན་སྐབས་བཀྲ་ཤིས་མཚོན་རྟགས་ཀྱི་ཡི་གེ་དང་ལོ་གསར་གྱི་མཁོ་ཆས་སྐྱེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་ལས་མི་ཚོར་དུས་ཆེན་གྱི་རྣམ་པ་ཟབ་མོ་མྱོང་ཚོར་བྱུང་བ་ལ་སོགས་རེད།

ས་མཐོར་དཔྱིད་གསར་དུས་ཆེན་འཆར་བ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རྣམ་པ་མི་འདྲ་བའི་ཐོག་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་ཏེ་ལོ་གསར་པར་འཚོ་བ་མཛེས་སྡུག་ལྡན་པ་དང་བཀྲ་ཤིས་ཁམས་བཟང་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་རེད།

(བསོད་བདེ་རྒན་པ་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)