འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གཞིས་རྩེ་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་དྲ་སྦྲེལ་ལས་རིགས་ཀྱི་ཏང་ཨུད་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ལས་རིགས་ཀྱི་ཏང་ཨུད། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཏང་ཨུད། མྱུར་སྐྱེལ་ལས་རིགས་ཀྱི་ཏང་ཨུད། གཞུང་བཙུགས་མིན་པའི་སྨན་བཅོས་ལས་རིགས་ཀྱི་ཏང་ཨུད་བཅས་དང་དེ་བཞིན་རྒྱ་གྲམ་དམར་རྟགས་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སོགས་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི“གཅེས་སེམས་ས་ཚིགས”སུ། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཚོགས་པའི་ཐུགས་ཁུར་བྱ་སྤྱོད་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ནས་གསར་གཉིས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ལྕག་སྐུལ་འགན་ལེན་མཐའ་འཁྱོངས་བྱས་ནས་ལས་ཞུགས་གསར་པའི་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་བཤད་པ་རེད། གཞིས་རྩེའི་གཙང་ཁང་སྨན་ཁང་གི་སྨན་དོན་པས་ས་གནས་ས་ཐོག་ཏུ་བདེ་ཐང་གི་འོས་འགན་སྨན་བཅོས་བྱས་ཏེ། མངག་སྐྱེལ་པ་དང་། མྱུར་སྐྱེལ་པ། ཁ་ལོ་བ་བཅས་ཀྱི་དངོས་ཡོད་དགོས་མཁོ་དང་ཟུང་འབྲེལ་གྱིས། ཆམ་པའི་སྨན་དང་། ན་ཟུག་གཅོག་སྨན། ཕོ་སྨན་སོགས་ཁག་507སྤྲད་པ་མ་ཟད། ད་དུང་མྱུར་སྐྱོབ་ཁུག་མ་དང་། པུས་ཤུབས། ལག་ཤུབས་སོགས་གཅེས་སེམས་ཁུག་མ་200ཡང་སྤྲད་དེ། རིམ་རྩིས་བྱས་ན་ལས་ཞུགས་གསར་པའི་ཚོགས་པའི་མི་གྲངས་260ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། གཞན་ཡང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཡང་བྱས་པ་རེད།