《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月11日

མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་མང་ཚོགས་ཚོས།

སྤྲོ་སྣང་ཆེན་པོས་ཐོན་ལས་བགོ་འགྲེམས་བླངས། འབྱུང་འགྱུར་འཚོ་བར་སྔར་བཞིན་རེ་བས་ཁེངས།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་སྐབས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་གང་སར་ལྒང་བཞུ་དམར་པོ་བཀལ་ནས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་། གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་མཉམ་འཛོམས་བྱེད་པ། “མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུས་ཧའེ་ཕྱོགས་བསྡུས་འཕྲུལ་ཆས་བོགས་གཏོང་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ”ཞེས་པའི་ཡིག་ཕྲེང་དམར་པོ་གཅིག་དེ་བས་མངོན་གསལ་དོད།

བགོ་འགྲེམས་རྒྱག་ཡུལ་དུ་གྲོང་མི་ཚོ་གོ་རིམ་ལྡན་པའི་ངང་སྡིངས་ཆར་སོང་ནས་རྩིས་ཁྲ་བསྡུར་བ་དང་། མིང་རྟགས་འགོད་པ། དངུལ་སྨར་དང་། འབྲས། གྲོ་ཞིབ། སྣུམ་སོགས་ལེན་གྱི་ཡོད་པས་མི་རྣམས་ཀྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

མཉམ་ལས་ཁང་གི་འགན་འཁུར་བ་བུ་ཆུང་གིས“2023ལོར་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་ཟིན་པ་ལས་སྒོར་ཁྲི་70ལྷག་ཙམ་འཕྲུལ་ཆས་བོགས་གཏོང་བྱེད་རྒྱུ་མེད་པའི་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་དང་དེ་བྱིངས་ཚང་མ་དུས་ཐོག་ཏུ་འཕྲུལ་ཆས་བོགས་གཏོང་དུད་ཚང་ལ་སྤྲད་པ་རེད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། རྒྱ་མ་ཤང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཕ་ཡུལ་ནས་ཁ་འབྲལ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། 2020ལོར་རྒྱ་མ་ཤང་གིས་ཡུལ་དེ་གའི་མང་ཚོགས་ཀྱི་འཕྲུལ་ཆས་གཅིག་ཏུ་བསྡུས་ཏེ་རྒྱ་མ་ཡུས་ཧའེ་ཕྱོགས་བསྡུས་འཕྲུལ་ཆས་བོགས་གཏོང་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མཉམ་ལས་ཁང་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར”ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

མཉམ་ལས་ཁང་གི་ལས་མི་བསམ་གཏན་ཕུན་ཚོགས་ཀྱིས“ང་མཉམ་ལས་ཁང་ནང་ཞུགས་ནས་ལོ་3ཕྱིན་སོང་། 2023ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་། འབྱུང་འགྱུར་མཉམ་ལས་ཁང་གིས་ད་དུང་མང་ཚོགས་དེ་བས་མང་བ་མ་རྐང་ནང་ཞུགས་པའི་ཡིད་དབང་འགུག་རྒྱུ་ཡིན་པས་མཉམ་ལས་ཁང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པ་དང་། ང་ཚོའི་འཚོ་བའང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་གྲ་རྒྱས་སུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་གསར་འགོད་པར་བཤད་བྱུང་། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསོད་བདེ་རྒན་པས་ཞུས)