《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月08日

2024ལོའི་ཟླ་2ཚེས་3ཉིན།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

《“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》

《བསམ་འཆར》ནང་བསྟན་དོན། མང་ཚོགས་ལ་སེམས་འགུལ་ཐེབས་པའི་བྱ་བ་དངོས་ཁག་གཅིག་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྒྲུབ་པར་དམ་འཛིན་ཡག་པོ་བྱས་ཏེ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐེངས་12པ་དེ་རེད།

《བསམ་འཆར》ནང་བསྟན་དོན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐེབས་པ་མཐའ་ཚད་དུ་འཛིན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཚན་རྩལ་དང་སྒྱུར་བཅོས་ཀྱི་སྒུལ་ཤུགས་གཉིས་ལ་ཤུགས་སྣོན་རྒྱག་པ། ཞིང་པའི་འབབ་འཕར་གྱི་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམག་འཐབ་རྒྱག་མཁས་པོ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས།

2024ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན།

★ འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱས་ནས་འབྲུ་རིགས་ཀྱི་ཐོན་འཕར་གྱི་གཙོ་གནད་གཞི་ཁྱོན་ཆེན་པོས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུའི་ཐད་བཞག་སྟེ་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།

★ གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་འོས་འཚམ་ངང་མཐོ་རུ་གཏོང་བ་དང་འབྲས་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་གཏན་འཁེལ་ལུགས་མཐུན་བྱེད་དགོས།

★ ཁྲིམས་དང་མ་མཐུན་པར་ཞིང་ཁ་བཟུང་སྤྱོད་ཀྱི་ཉེས་གསོག་དང་རྨོ་ཞིང་ནས་ཁྲིམས་དང་མ་མཐུན་པར་ས་ལེན་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ།

★ ཡུལ་བབ་དང་བསྟུན་ནས་ཐང་རྒོད་དུ་ལུས་པའི་ས་ཞིང་བེད་སྤྱོད་བྱས་ཏེ་འབྲུ་རིགས་འཚམ་སར་འབྲུ་རིགས་འདེབས་པ་དང་དཔལ་འབྱོར་སྐྱེ་དངོས་འཚམ་སར་དཔལ་འབྱོར་སྐྱེ་དངོས་བཏབ་སྟེ་ས་ཞིང་དངོས་འབྲེལ་འདེབས་མཁན་མེད་པའི་རིགས་ལ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་ཡག་པོ་འདེབས་པ་དང་བེད་སྤྱོད་གང་ལེགས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

★ གྲོན་ཆུང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་འཁོར་འབྲེལ་ཧྲིལ་པོར་འབྲུ་རིགས་གྲོན་ཆུང་དང་ཟད་གྲོན་ཉུང་དུ་བཏང་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

★ གནོད་འཚེའི་རྐྱེན་པས་དབུལ་ལོག་ཐེབས་ཉེན་ཡོད་པའི་ཞིང་དུད་ལ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་ཕྱིན་རོགས་སྐྱོར་བྱ་ཐབས་སྔོན་ལ་དོན་འཁྱོལ་བྱེད་ཆོག

★ གྲོང་གསེབ་ཀྱི་སྨན་རིན་མཐོ་བའི་ཁུར་པོ་ཡོད་པའི་ནད་པར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཏན་འབེབས་ལྟར་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས།

★ དབུལ་ལོག་སྔོན་འགོག་གི་ལས་ཞུགས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བར་སྐུལ་འདེད་གཏོང་བ་དང་ཤར་ནུབ་རྒྱུད་ཀྱི་ངལ་ནུས་རོགས་རེས་ཀྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལས་ཞུགས་རོགས་སྐྱོར་གྱི་འཁོར་ཁང་དང་སྤྱི་ཕན་ལས་གནས་སོགས་ཀྱི་ཐབས་ལམ་སྤྱི་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱས་ནས་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་བརྟན་དུ་གཏོང་དགོས།

★ ཡུལ་གཞན་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོས་བྱས་རྗེས་མི་འབོར་མང་དུ་སོང་བའི་རྐྱེན་གྱིས་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཆ་རྐྱེན་དང་མཐུན་རིགས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་ནང་འཇུག་དགོས།

★ འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གཙོ་ཐོན་ཁུལ་དུ་ལས་སྣོན་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

★ གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་བྱེད་པ་དང་རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་འཛུགས་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཡུལ་ཟོག་དྲ་རྒྱ་ནས་འཚོང་བའི་ལས་རྣམ་འཕེལ་རྒྱས་གཏོང་དགོས།

★ ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པའི་གནད་དོན་འབྱུང་རྩ་ནས་སྔོན་འགོག་དང་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

★ ལོ་ན་མཐོ་བའི་ཞིང་པ་ལས་མིར་ལས་ཞུགས་རོགས་སྐྱོར་ཡག་པོ་བྱེད་དགོས།

★ བོགས་གཏོང་དང་། མཉམ་ལས་གསར་སྤེལ། མ་འཇོག་གཉེར་སྐྱོང་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་གསེབ་ཀྱི་ཐོན་ཁུངས་དང་རྒྱུ་ནོར་ཕན་སྒྱུར་བེད་སྤྱོད་བྱས་ཏེ་ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས།

★ གྲོང་གསེབ་ཀྱི་ཁ་ཐོར་རང་བཞིན་གྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་གཙོ་གནད་གྲོང་ཚོ་དང་གྲོང་རྡལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་སྣོན་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས།

★ གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་བྱ་སྤྱོད་རྒྱུན་མཐུད་ལག་བསྟར་བྱས་ཏེ་རིག་ལྡན་ཞིང་ལས་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི“གྲངས་འཛིན་ཧེ་བག”ཆུང་དུ་གཏོང་དགོས།

★ སྤྱི་པའི་སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་དགོས་ངེས་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཡག་པོ་གཉེར་དགོས།

★ རྫོང་ཁོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྤྱོད་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་དོ་དམ་ནང་གང་མགྱོགས་འཇུག་དགོས།

★ གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་བབ་དང་བསྟུན་ཏེ་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་རྒོན་གྱི་བཟའ་བཏུང་དང་རོགས་རེས་ཞབས་ཞུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

★ གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི“མང་འཇལ་མང་ཐོབ་དང་ཡུན་འཇལ་མང་ཐོབ”ཀྱི་ཡར་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

★ གྲོང་གསེབ་ཀྱི་བུ་བཙའི་རྒྱབ་སྐྱོར་དང་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། ཕྱོགས་མི་བྱིས་པ་དང་། གཞིས་ལུས་བྱིས་པ། བུད་མེད། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས།

★ གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྐྱོང་གི་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་བྱས་ནས། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་གཏིང་ཟབ་གཏོང་དགོས།

★ ཞིང་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་། གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་འགྲན་བསྡུར། གྲོང་གསེབ་ཀྱི་ལོ་གསར་མཚན་ཚོགས་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

★ གློད་སྡོམ་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་བྱས་ནས། གོམས་སྲོལ་བསྒྱུར་བར་དམ་འཛིན་བྱེད་པའི་གཞི་རྟེན་གཏོད་པ་དང་། གྲོང་མིའི་རང་སྐྱོང་ནུས་པ་འདོན་པ། གྲོང་སྲོལ་དམངས་ཆིངས་ཀྱི་ཡར་སྐུལ་དང་གཅུན་སྡོམ་ནུས་པ་འདོན་ཤུགས་ཆེ་རུ་བཏང་ནས། དངུལ་གྲངས་མཐོ་བའི་གཉེན་རྟེན་དང་། རྒྱས་སྤྲོས་རྒྱས་གཤོམ། གང་བྱུང་དུ་གཤིན་པོ་དུར་སྐྱེལ་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།

★ ས་གནས་ཁག་ལ་གྲོང་གསེབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་འདེགས་ཞུ་ཡུལ་སྤྱད་དེ་ཞིང་པའི་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ལ་ཀུན་ཕན་རང་བཞིན་གྱི་སྤྱི་ཚོགས་ཞབས་འདེགས་ཞུ་རྒྱུར་ལྕག་སྐུལ་བྱས་ནས་གྲོང་གསེབ་ཀྱི་ངོ་སོའི་ཁུར་པོ་ཡང་དུ་གཏོང་དགོས།

★ གྲོང་གསེབ་ཀྱི་ནག་སེལ་གཤེད་བཅོམ་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“གྲོང་གཤེད”ལ་མུ་མཐུད་འགོག་ཟོན་དང་བཅོས་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་རུས་རྒྱུད་ངན་གཤེད་ཕྱོགས་གཏོགས་དང་དེ་བཞིན“སྲུང་གདུགས”ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།

★ མཉམ་སྡེབ་རྒྱུ་ནོར་གྲོང་མི་ཨུ་ལྷན་དང་གྲོང་མིའི་ཚོགས་ཆུང་གིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་མིང་འོག་ཏུ་ཐོ་འགོད་བྱས་ཏེ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་དགོས།

★ ཞིང་ལས་དང་གྲོང་གསེབ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྔོན་ལ་འགན་ལེན་བྱེད་པའི་ཁྱབ་ཁོངས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་འདུ་གཏོང་ལམ་སྲོལ་གསར་གཏོད་བྱས་ཏེ་བཏང་བའི་མ་དངུལ་དེ་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་ལས་འགན་དང་འཚམ་པར་བྱེད་དགོས།

★ ཞིང་འབྲེལ་མ་དངུལ་རྣམ་གྲངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། མ་དངུལ་གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

★ གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞི་ལག་ལེན་བསྟར་ནས། གྲོང་གསེབ་རང་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སྣ་ཚོགས་གྲོང་གསེབ་ཏུ་ཞབས་འདེགས་ཞུ་བར་འགྲོ་རྒྱུར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་ཏེ་ཞིང་པའི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།