འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་5ཉིན་གནས་ཚུལ་འབྱོར་གསལ། སོལ་རླངས་བེད་སྤྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ནས་སོལ་རླངས་ཐབ་ཆས་དང་འབྲེལ་བའི་ཐོན་རྫས་བྲིན་ཚོང་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་དབུན་ཀྲོའུ་ཉོ་ཚོང་ཚོང་ར་དང་ཁྲེང་ཀོན་ཆུས་དབན་ཏཱ་ཐང་ཆེན་དུ་བསྐྱོད་ནས་དེ་གའི་སོལ་རླངས་ཐབ་ཆས་དང་དེའི་ལྷུ་ལག་ཐོན་རྫས་འཚོང་མཁན་ལ་ཞིབ་བཤེར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་འབྲེལ་ཡོད་ཀྱི་གཉེར་སྐྱོང་བྱེད་པོར་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་པོ་འཁུར་ཏེ། ཚད་ལྡན་གྱི་བཟོ་གྲྭ་དང་ཚད་ལྡན་གྱི་བརྒྱུད་འཚོང་ཚོང་པ་ནས་དངོས་ཟོག་འཐེན་དགོས་པ་དང་། འཛིན་ཡིག་ལེན་པ་དང་དངོས་ཟོག་འཐེན་པའི་དཔྱད་བཤེར་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ཁས་ལེན་བྱས་མེད་པ་དང་མཚོན་རྟགས་ཚད་ལྡན་མེད་པའི་སོལ་རླངས་ཐབ་ཆས་རིགས་གཏན་ནས་མི་འཚོང་བ་དང་། སོལ་རླངས་ཐབ་ཆས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱས་ཏེ་སོལ་རླངས་ཀྱི་བདེ་འཇགས་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་ཚད་ལྡན་སྒོ་རྩིས་ཚོང་ཁང་དང་ཆེད་ཚོང་ཁང་ནས་ཚད་ལྡན་ཁེ་ལས་ཀྱིས་བཟོས་པའི་སོལ་རླངས་ཐབ་ཆས་ཉོ་དགོས་པ་མ་ཟད། སོལ་རླངས་ཐབ་ཆས་ཀྱི་ཐུམ་སྒྲིལ་སྟེང“3C”ཡི་བཙན་ཐབས་ཀྱི་ར་སྤྲོད་མཚོན་རྟགས་ཡོད་མེད་དང་། སོལ་རླངས་རིགས་གང་ཡིན་གྱི་མཚོན་རྟགས་གསལ་པོ་འཁོད་ཡོད་མེད་སོགས་ལ་ཞིབ་བཤེར་ནན་ཏན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།