འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2024ལོའི་ཟླ་2ཚེས་4ཉིན། 《མི་དམངས་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོར་འགོ་བརྗོད་དུ《གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམག་འཐབ་རྒྱག་མཁས་པོ་བྱེད་དགོས》ཞེས་འཁོད་པའི་ཆེད་བརྗོད་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
ཆེད་བརྗོད་ནང་བསྟན་དོན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་བྱས་པ་རེད། འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་ཁྱབ་བསྒྲགས་བྱས་པའི“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི“ཡིག་ཆ་ཨང་དང་པོ”གཉིས་པ་དེ་རེད་ལ། དུས་རབས་གསར་པ་ཚུན་དུ། ཏང་ཀྲུང་དབྱང་གིས་བསྟུད་མར་བཀྲམ་པའི“ཡིག་ཆ་ཨང་དང་པོ”ཉེར་གཅིག་པ་དེའང་རེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་ཚད་རླབས་པོ་ཆེའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཆེད་བརྗོད་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་དགོས”ཞེས་གསུངས་ཡོད། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བར་དམིགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་ནས“འདུ་འགོད་ཁྲི་སྟོང”ལས་འཕྲོས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
སྐུལ་སྤེལ་གྱི་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་2024ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བཀོད་སྒྲིག་གལ་ཆེན་བྱས་པ་དེ་ནི་ང་ཚོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམག་འཐབ་རྒྱག་མཁས་པོ་བྱེད་པ་དང་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།
ཆེད་བརྗོད་ནང་བསྟན་དོན། 2023ལོར་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་ལ་འགལ་རྐྱེན་མང་དུ་འགྲོ་བ་དང་། རྒྱལ་ནང་གི་འཁོར་ཡུན་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སྣོལ་མར་ཐོན་པའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རང་བྱུང་གནོད་འཚེ་ཅུང་ཚབས་ཆེན་སོགས་ཀྱི་ཤུགས་རྐྱེན་ངན་པ་མང་པོ་ཁྱད་དུ་བསད་དེ་འབྲུ་རིགས་ཀྱི་ཐོན་འབབ་ལ་ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་པའི་ཡོང་འབབ་ཅུང་མགྱོགས་པོ་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་བཅས་བྱུང་ཡོད། “ཞིང་གསུམ”ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དེས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
ཆེད་བརྗོད་ནང་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་བརྗིད་ཆེའི་འཆར་གཞི་འགོད་སྐབས། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ནི་སྔར་བཞིན་གྲོང་གསེབ་ཏུ་ཡོད་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དེས“ཞིང་གསུམ”ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་གཏན་འཁེལ་མེད་པ་དང་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། དཔལ་འབྱོར་སླར་གསོ་ཡོང་བ་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། “ཞིང་གསུམ”གྱི་གཞི་གདན་ཡག་པོ་སྲུང་བ་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་བ་དང་། ལས་འགན་དཀའ་ཚེགས་ཆེ་བ། འགན་འཁྲི་གཟི་བརྗིད་ལྡན་པ་བཅས་ཡོད།
ཆེད་བརྗོད་ནང་བསྟན་དོན། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ལ་དམིགས་པ། “འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཁྲིད་སྟོན་དུ་འཛིན་པ། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད། སྙིང་རུས་གཏན་འཁྱོངས། མང་ཚོགས་ལ་སེམས་འགུལ་ཐེབས་པའི་དོན་དངོས་ཁག་གཅིག་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྒྲུབ་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས།
མཇུག་ཏུ་ཆེད་བརྗོད་ནང་ནན་བཤད་བྱས་དོན། གྲོང་གསེབ་དར་རྒྱས་གཏོང་བ་ནི་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་རེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམག་འཐབ་རྒྱག་མཁས་པོ་བྱེད་པར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཐེབས་པ་མཐའ་ཚད་དུ་འཛིན་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཅས་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཚན་རྩལ་དང་སྒྱུར་བཅོས་ཀྱི་སྒུལ་ཤུགས་གཉིས་ལ་ཤུགས་སྣོན་རྒྱག་པ། ཞིང་པའི་འབབ་འཕར་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ། ཞིང་པ་མང་ཚོགས་ཀྱི་བསམ་འཆར་མང་བའི་དོན་དངོས་གནད་དོན་ནས་འགོ་བཙུགས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཇུག་གཞི་ཡང་དག་འཚོལ་བ་བཅས་བྱས་ནས་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས།
(ཚེ་བརྟན་སྒྲོལ་དཀར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)