《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月06日

《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ནང་དོན་གཙོ་བོ། ②

2024ལོའི་ལས་དོན་བཀོད་སྒྲིག

★ ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་ལྟར། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་དེར་ཞབས་འདེགས་ཞུ་བ། “དོན་ཆེན་བཞིར”དམ་པོར་དམིགས་ཏེ“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ལ་བརྟེན་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་མ་ཟད། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་དེ་རེད།

★ སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་13%ཡས་མས། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བྱེད་འབོར་10%ཡས་མས་བཅས་འཕར་བ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆར་མཚུངས་པ་བྱ་རྒྱུ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་ཐང་འཕར་ཚད་དང་གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་དེ་ཁག་སོ་སོར་3%དང་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་རེད།

★ ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད།

★ ད་ལོར་གཤམ་གསལ་ཕྱོགས་བདུན་ཐད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་སྟེ།

(གཅིག)མི་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ།

(གཉིས)མ་འཇོག་ཇེ་བརྟན་དང་འཛད་སྤྱོད་ཇེ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ།

(གསུམ)ཁེ་ལས་འཛུགས་གཉེར་དང་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། གཏིང་ཤུགས་ཀྱི་ལེགས་ཆ་སྔོག་འདོན་གང་ཐུབ་བྱེད་རྒྱུ།

(བཞི)གྲོང་ཁྱེར་དང་གྲོང་རྡལ་དར་སྤེལ་བཏང་ནས་གྲོང་གསེབ་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མཐུན་སྦྱོར་གོང་འཕེལ་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ།

(ལྔ)ཕྱི་ཤུགས་ལ་བརྟེན་ནས་ནང་ཤུགས་ཆེར་སྐྱེད་མཐའ་འཁྱོངས་ཀྱིས། སྒྱུར་བཅོས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ།

(དྲུག)བྱ་བ་དངོས་བསྒྲུབ་རྒྱུ་དང་དམངས་འཚོར་ཕན་འདོགས་རྒྱུ་མཐའ་འཁྱོངས་ཀྱིས། མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ།

(བདུན)སྐྱེ་ཁམས་སྲུང་སྐྱོང་བྱས་ནས་མཐའ་མཚམས་སྲ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་རྒྱུ།