འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཆབ་མདོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་མཉམ་དུ་གཉེར་བའི“ང་ཚོའི་དུས་ཆེན། ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་གཉེར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཡིག་གཟུགས་མཁས་ཅན་ཚོས་དཔྱིད་གསར་གྱི་ཆ་ཡིག་དང་བཀྲ་ཤིས་པའི་ནང་དོན་མཚོན་པའི་རྒྱ་བོད་ཡིག་གཟུགས་བརྩམས་ཆོས་དང་རེ་བ་ཟབ་མོ་མཚོན་པའི་ཆ་ཡིག་སོགས་བྲིས་ནས་མང་ཚོགས་ལ་སྤྲད་དེ་དཔྱིད་གསར་དུས་ཆེན་དགའ་བས་བསུ་བའི་དགའ་སྤྲོ་དང་འཆམ་མཐུན་གྱི་ལོ་གསར་གྱི་རྣམ་པ་ཟབ་མོ་བཏོད་པ་རེད།
ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཅང་གིས“ཡིག་ཐོག་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བ་དང་མང་ཚོགས་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ནས་རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དོ་ཁུར་ཚོར་ཐུབ་པར་བྱས་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དཔྱིད་གསར་ཆ་ཡིག་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས་700ལྷག་ཙམ་བྲིས་པ་དང་། བརྙན་པར་200ལྷག་ཙམ་དང་། རིག་གནས་གསར་གཏོད་ཀྱི་རོལ་དབྱངས་Uསྡེར་500ལྷག་ཙམ། ཆབ་མདོའི་མཛེས་ལྗོངས་ཀྱི་པར་རིས་150ལྷག་ཙམ། དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སོགས་སྤྲད་པ་རེད།