འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་སྐྱེལ་འདྲེན་གྱི་གནམ་གཤིས་ཞབས་ཞུ་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་ཆེད། ཉེ་དུས་རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ་དང་། ལས་ཀའི་ཇུས་གཞི་བཟོ་བ། སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཐབས་ལམ་མང་པོ་ནས་སྤྱི་དམངས་ལ་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བ་བཅས་བྱས་ཏེ། དཔྱིད་གསར་སྐྱེལ་འདྲེན་གྱི་གནམ་གཤིས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་འགན་ལེན་བྱས་ནས་མང་ཚོགས་ཕ་ཡུལ་དུ་ལོག་པའི་ལམ་བུར་སྲུང་སྐྱོང་ཡག་པོ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་རིམ་ཁག་གནམ་གཤིས་སྡེ་ཚན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་གང་ལེགས་བྱེད་པ་དང་། དཔྱིད་གསར་སྐྱེལ་འདྲེན་ལ་གངས་བབ་པ་དང་། དྲོད་ཚད་ཆག་པ། ལྷགས་པ་ཆེན་པོ་རྒྱག་པ། ལམ་བུར་འཁྱགས་པ་ཐེབས་པ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་རྒྱུར་གཙོ་གནད་དུ་དོ་ཁུར་བྱེད་པ། གོང་འོག་ཚན་པའི་ལས་སྒོ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ་བཅས་ལ་བརྟེན་ནས་གནམ་གཤིས་སྔོན་བརྡའི་ཞིབ་ཚགས་ཚད་དང་གནད་ལ་འཁེལ་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།
རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ཡོངས་སུ་ཆར་ཆུ་འབབ་ཚད་ཅུང་ཟད་མང་དུ་དང་དྲོད་ཚད་ཅུང་མཐོ་རུ་འགྲོ་བ་དང་། དེ་བཞིན་ནག་ཆུ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་གྲང་ངར་ཆེ་བའི་གནམ་གཤིས་ཡང་ཡང་བསྟན་ནས་གངས་ཅུང་མང་པོ་འབབ་རྒྱུ་རེད།