ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་། ཚའོ་པིན། ཉེ་དབྱི།
བོད་ལྗོངས་ནུབ་ཁུལ་མངའ་རིས་སུ་ས་བབ་མཐོ་ཞིང་ལམ་ཐག་ཧ་ཅང་རིང་བའི་ས་ཆ་ཞིག་ཡོད། དེར་སུལ་སྐྱ་རོང་ལ་ཟེར། དེ་ཁུ་ནུ་རི་རྒྱུད་ཀྱི་དབུས་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5347ཟིན་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20སླེབས་ཀྱི་ཡོད། དེ་ནི་ཤིན་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་དེ་རེད།
སུལ་སྐྱ་རོང་ལ་ཡི་བྱང་འདབས་སུ་རུ་ཐོག་རྫོང་ཆུ་མིག་མཚེའུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་འགྱིང་ངེར་གནས་ཡོད། དེ་གར་ས་བབ་མཐོ་ཚད་སྨི་5118ཡོད་པ་དང་། དེ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྒྱལ་ལམ་གྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཡིན་པ་དང་། དེས་ཤིན་བོད་ལམ་ཐིག་གི་ས་ཚིགས་གལ་ཆེན་སྲུང་བཞིན་ཡོད།
2013ལོར་ཆུ་མིག་མཚེའུ་ལས་སྒྲུབ་ས་ཚིགས་བཙུགས་པ་ནས་བཟུང་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཁག་རེ་རེས་དེ་གར་ལས་གནས་བརྟན་སྲུང་གིས་འཁང་ར་སྤུ་ཙམ་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད། ཁོང་ཚོ་རེས་མོས་ཀྱིས“མཁའ་དབྱིངས”ཀྱི་ས་ཚིགས་བསྲུངས་ནས་ཚེ་སྲོག་ལ་བརྟེན་ཏེ་མཁའ་ལམ་གྱི་བདེ་འཇགས་སྲུང་གི་ཡོད།
འགན་འཁྲི། ——
རྒྱལ་ཁབ་ཀྱི་འགྲིམ་འགྲུལ་འགག་གནད་ཡག་པོ་སྲུང་བ།
མཚན་མོ་གཅིག་ཁ་བ་བབས་རྗེས་ཁ་ལཱ་ཁུ་ནུ་རི་རྒྱུད་ཚང་མ་ཁ་བའི་གོས་བཟང་གིས་བཀླུབས།
ནམ་ལངས་མ་ཐག་ཀྲན་ཀྲང་རྡོ་རྗེ་རྒྱལ་པོས་མགྱོགས་པོ་སྐྱིད་པའི་མལ་ལས་ལངས། ཁ་ངོ་སྟབས་བདེ་བཀྲུས་རྗེས་ཉེན་རྟོག་པའི་ཆས་ལེགས་པར་སྤྲས་ཏེ་རང་གི་ལས་གནས་སུ་བསྐྱོད།
ད་ལོ་ལོ་43ལ་སླེབས་པའི་རྡོ་རྗེ་རྒྱལ་པོས་ཆུ་མིག་མཚེའུ་ཞིབ་བཤེར་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་4ལྷག་ཙམ་འགྲོ་གི་ཡོད། དགོང་མོ་ཁོང་དུས་ཚོད་ངེས་ཅན་ལ་མལ་ལས་ལངས་ཏེ་ཕྱི་རུ་སྐོར་གཡེང་ལ་འགྲོ་དགོས་ཀྱི་ཡོད།
“ང་ཚོ་ནི་མི་མེད་ཁུལ་གྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་འབའ་ཞིག་དེ་ཡིན་པས། གལ་སྲིད་ཉེན་དོན་ཐག་གཅོད་འོས་འཚམ་མ་བྱུང་ན་གཞན་དབང་གི་གནས་སུ་ལྷུང་སྲིད་པ་དང་། ལྷག་པར་དུ། ཁ་ལོ་བ་ཚོར་ཉེན་ཁ་འཕྲད་སྐབས་དུས་ཐོག་ཏུ་རོགས་སྐྱོབ་མ་ཐུབ་ན་དགུན་གྱི་གྲང་ངད་མ་བཟོད་པར་འཁྱགས་ནས་འཆི་ཉེན་ཡོད”ཅེས་རྡོ་རྗེ་རྒྱལ་པོས་བཤད།
2013ལོའི་ཟླ་5པར་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་མོལ་བྱས་པ་བརྒྱུད། བོད་ལྗོངས་རུ་ཐོག་རྫོང་རྡོ་དམར་ཤང་གི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་རྨང་གཞིའི་ཐོག་མདུན་ཕྱོགས་ཀྱི་སྤྱི་ལེ་160ཡི་སར་ཆུ་མིག་མཚེའུ་ལས་སྒྲུབ་ས་ཚིགས་འཛུགས་རྒྱུར་ཐག་བཅད་པ་རེད། དེས་ན་ལམ་རྒྱུད་དེར་ལས་སྒྲུབ་ས་ཚིགས་མེད་པའི་སྟོང་ཆ་བསྐངས་ཡོད། 2014ལོར་ཆུ་མིག་མཚེའུ་ཞིབ་བཤེར་ས་ཚིགས་དངོས་སུ་བཙུགས་པ་རེད།
མི་དམངས་ཉེན་རྟོག་པ་23གྱིས་ལོ་འཁོར་མོ་ཡུག་ཏུ་ས་ཚིགས་དེ་སྲུང་བཞིན་ཡོད།
ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལ་སླེབས་ཀྱི་ཡོད་ཅིང་། དྲོད་ཚད་དམའ་ཤོས་སྐབས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་45ལ་སླེབས་ཀྱི་ཡོད། དེ་གར་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་ཟིན་གྱི་མེད། ལོ་གཅིག་གི་ཉིན་300ལྷག་ཙམ་རིང་ལྷགས་པ་རིམ་པ་ལྔ་ནས་བདུན་བར་རྒྱག་གི་ཡོད། དེ་ནི་ཁོང་ཚོའི་ལས་སྒྲུབ་ཁོར་ཡུག་རེད།
ཟླ་རེར་མི་མེད་ཁུལ་དུ་སྐོར་གཡེང་ཐེངས་རེ་བྱེད་པར་ལམ་ཐག་སྤྱི་ལེ་800ལྷག་ཙམ་སྐྱོད་དགོས་པ་དང་དེར་ཆུ་ཚོད་12ཙམ་འགོར་གྱི་ཡོད། ཉིན་ལྟར་རྒྱལ་ལམ་དུ་སྐོར་གཡེང་ཐེངས་རེ་བྱེད་པར་སྤྱི་ལེ་120སྐྱོད་དགོས་པ་དང་དེར་ཆུ་ཚོད་3ཙམ་འགོར་གྱི་ཡོད། ཉིན་ལྟར་འགྲོ་འོང་བྱེད་མཁན་རླངས་འཁོར་100ལྷག་ཙམ་ལ་ཞིབ་བཤེར་བྱེད་པ་དང་། ཉིན་མཚན་དབྱེར་མེད་དུ་ལས་རེས་བཀོད་སྒྲིག་བྱས་ནས་ངང་སྒུག་བྱེད་དགོས་ཀྱི་ཡོད། དེ་ལྟར་ལས་སྒྲུབ་གསལ་ཐོའི་ནང་ཁོང་ཚོའི་སྐོར་གཡེང་ལམ་གྱི་དཀའ་ཚེགས་གསལ་པོར་འཁོད་འདུག
2017ལོའི་ཟླ་5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུ་མིག་མཚེའུ་ཞིབ་བཤེར་ས་ཚིགས་ལ“དཔེ་བཟང་གི་སྤྱི་བདེ་ཞིབ་བཤེར་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་སྤྲད།
འགན་སེམས། ——
ས་མཐོའི་བློས་འགེལ་ཆོག་པའི་རོགས་སྐྱོབ་སྟོབས་ཤུགས།
ལས་སྒྲུབ་ས་ཚིགས་བཙུགས་མ་ཐག་པའི་སྐབས་སུ་མི་དམངས་ཉེན་རྟོག་པ་ཚོས་ཆུ་མིག་མཚེའུ་ཡི་འགྲམ་དུ་གུར་3ཕུབ་ཡོད།
2014ལོའི་ལོ་མཇུག་ཏུ་མི་དམངས་ཉེན་རྟོག་པ་རྣམས་རབས་གཉིས་པའི་སོ་ཕག་ཁང་པར་སྤོས་པ་རེད། འོན་ཀྱང་ཁ་ལག་བཟོ་བ་དང་དྲོད་ལེན་འཕྲུལ་ཆས་སྤྱོད་དགོས་པས་རྩིག་རྨང་གི་འཁྱགས་སའི་བང་རིམ་བཞུར་ནས་ལོ་གསུམ་ལས་མ་འགོར་བར་ཉེན་ཡོད་ཁང་པར་གྱུར། 2018ལོའི་ལོ་སྟོད་དུ་དྲོད་རླངས་མཁོ་འདོན་དང་། གསོ་རླུང་མཁོ་འདོན། སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་རབས་གསུམ་པའི་ཕྱོགས་བསྡུས་ས་ཚིགས་སྐྲུན་འགོ་ཚུགས། 2020ལོའི་ལོ་སྨད་དུ་མི་དམངས་ཉེན་རྟོག་པ་རྣམས་ཁང་པ་གསར་པར་སྤོས་པ་རེད།
འཚོ་བ་དང་ལས་སྒྲུབ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་མོད། འོན་ཀྱང་ཆུ་མིག་མཚེའུ་ཡི་རང་བྱུང་ཁོར་ཡུག་སྔར་བཞིན་དཀའ་ཚེགས་ཆེ་བས་མི་དམངས་ཉེན་རྟོག་པ་ཚོའི་ལས་སྒྲུབ་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད།
མཐོ་སྒང་གི་ནོར་གནག་ཀྱང་དབུགས་ཧལ་བའི་སུལ་སྐྱ་རོང་ལ་རུ་རླངས་འཁོར་ལ་སྐྱོན་ཤོར་བ་དང་འགྲུལ་པ་མགོ་ཡུར་འཁོར་ནས་འགྱེལ་བ་སོགས་ཀྱི་གནས་ཚུལ་རྟག་པར་ཐོན་གྱི་ཡོད། བཅའ་སྲུང་བྱེད་མཁན་གྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནི་རྒྱ་ལམ་འགྲུལ་པའི་བློས་འཁེལ་ཤོས་ཀྱི་རོགས་སྐྱོབ་སྟོབས་ཤུགས་འབའ་ཞིག་ཏུ་གྱུར།
ས་ཚིགས་སུ་གོམས་སྲོལ་འདི་འདྲ་ཞིག་ཆགས་ཡོད་པ་སྟེ། འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པར་ཆུ་འཁོལ་དང་། གསོ་རླུང་། ཁ་ལག་སྟབས་བདེ། སྨན་རྫས་བཅས་མཁོ་འདོན་བྱེད་པ་ཕུད་། ད་དུང་ཆེད་མངགས“མགྲོན་ཁང”ཁ་ཤས་བཞག་ནས་ཁོང་ཚོ་ངལ་གསོ་རུ་འཇུག་གི་ཡོད།
“དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་རིན་བྲལ་ཚེ་སྲོག་སྐྱོབ་མཁན” ཞིབ་བཤེར་ས་ཚིགས་ཀྱི་ནང་དུ་རོགས་སྐྱོབ་བྱེད་ཡུལ་མང་པོས་བསྐུར་བའི་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེས་ཁེངས་འདུག
“ང་ཚོས་བརྟན་སྲུང་བྱེད་པའི་དོན་སྙིང་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་རྒྱུ་དེ་ཡིན”ཞེས་ཆུ་མིག་མཚེའུ་ཞིབ་བཤེར་ས་ཚིགས་ཀྱི་ཆབ་སྲིད་ཨུ་ཡོན་ཀྲང་ཅིན་ཐའོ་ཡིས་བཤད།
ལེགས་སྐྱེས། ——
ཁོང་ཚོའི་དཀའ་སྤྱད་དང་ལེགས་སྐྱེས་ནི་ང་ཚོས་བློ་ལ་བརྟན་པོར་ངེས་རིན་ཡོད།
སུལ་སྐྱ་རོང་ལ་ཡི་ཀྱོག་ལམ་ནས་ལག་པ་སྙོབས་ཙམ་བྱས་ན་གནམ་ལ་རེག་ཐུབ་པ་ལྟར་སྣང་།
ཆུ་མིག་མཚེའུ་ཞིབ་བཤེར་ས་ཚིགས་སུ་ལོ་ལྟར་དུས་ཚོད་མང་ཆེ་བའི་རིང་ཁ་བ་བུ་ཡུག་འཚུབ་ཀྱི་ཡོད། ལྷགས་པ་ཤུགས་ཆེན་ལྡང་བས་དབུགས་འབྱིན་རྔུབ་མི་བདེ་བ་དང་ཐ་ན་གོམ་གང་མདུན་དུ་སྤོ་བར་ཡང་དཀའ་ལས་ཁག་པོ་ཡོད།
ཡུན་རིང་ས་བབ་ཧ་ཅང་མཐོ་བའི་ཁུལ་དུ་འཚོ་བ་སྐྱེལ་དགོས་པས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་གཟུགས་པོ་ཐང་པོ་གཏན་ནས་མེད་པར་ཉེན་རྟོག་མང་ཆེ་བར་ས་མཐོའི་རང་བཞིན་གྱི་ནད་གཞི་སྣ་ཚོགས་ཕོག་ཡོད།
2020ལོའི་ཟླ་10ཚེས་8ཉིན་ལྟ་སྦྱོང་མི་དམངས་ཉེན་རྟོག་པ་ལྷག་པ་ཕུན་ཚོགས་ཀྱིས་ཡུལ་སྐོར་བར་ཆུ་མིག་མཚེའུ་ལ་ལྷུངས་པའི་གུར་དང་ཐོབ་ཐང་ལག་ཁྱེར་འདོན་རོགས་བྱེད་སྐབས་གློ་བུར་དུ་ལྷགས་པ་ཆེན་པོ་བརྒྱབ་སྟེ་མཚེའུའི་དཀྱིལ་དུ་དིམ་ནས་སྟབས་མ་ལེགས་པར་གྲོངས་པ་དང་། གྲོངས་དུས་ལོ་23ལ་སླེབས་ཙམ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁོང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི”མཚན་སྙན་རྗེས་སྤྲོད་བྱས།
ལོ་10ལྷག་ཙམ་རིང་སྔ་རྗེས་སུ་ཆུ་མིག་མཚེའུ་ཡི་ངོགས་སུ་ལས་ཀ་བྱེད་མཁན་མི་དམངས་ཉེན་རྟོག་པ་བཞི་ལས་ཀའི་དབང་གིས་གྲོངས་པ་རེད།
2020ལོའི་ཟླ་6པར་ལོ་41ལ་སླེབས་པའི་རུ་དཔོན་རྒན་པ་ཀའོ་ཝུའེ་ཏུང་སྙིང་ནད་ལངས་ནས་གློ་བུར་དུ་གྲོངས་པ་དང་། 2020ལོའི་ཟླ་12པར་ས་མཐོའི་རང་བཞིན་གྱི་ཀླད་པར་ཆུ་བསགས་པའི་དབང་གིས་ཀྲན་ཀྲང་གཉིས་པ་ལིན་ཅང་ཕིང་ལས་གནས་སུ་གྲོངས། 2021ལོའི་ཟླ་12པར་གློ་བུར་དུ་ནད་གཞི་ཕོག་ནས་ཆབ་སྲིད་ཨུ་ཡོན་ཐོག་མ་ཧྲང་ཧའེ་པིན་ལས་གནས་སུ་གྲོངས་པ་རེད།
“ཁོང་ཚོས་དུས་ཡུན་རིང་པོ་ཆུ་མིག་མཚེའུ་ངོགས་སུ་ལས་གནས་བརྟན་སྲུང་བྱས་པས་མཐར་ཚད་གཞི་མི་འདྲ་བའི་ས་མཐོའི་ནད་གཞི་སྣ་ཚོགས་ཕོག་ནས་གྲོངས་པ་རེད”ཉེན་རྟོག་པ་འཇམ་དཔལ་ནོར་བུས“མ་གཞི་ཁོང་རྣམ་པ་ཚེ་ལས་འདས་རུང་ཁོང་ཚོའི་དཀའ་ཚེགས་ལ་མི་འཛེམ་པའི་སྤྱོད་ཚུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཉེན་རྟོག་པ་ཀུན་ལ་ཤུགས་རྐྱེན་བཟང་པོ་ཐེབས་བཞིན་ཡོད”ཅེས་བརྗོད།
འཇམ་དཔལ་ནོར་བུ་དང་ཁོང་གི་འཐབ་གྲོགས་ཚོས་སྐད་ཆ་སྙན་པོ་ཤོད་མི་ཤེས་རུང་། ཁོང་ཚོས་ལྷག་བསམ་རྣམ་དག་གིས་མེས་རྒྱལ་གྱི་ཆེད་དུ་སོ་ལྟ་བྱེད་པ་དང་ཚེ་སྲོག་ལ་བརྟེན་ནས་མི་སེམས་འགུལ་བའི་དུས་རབས་གསར་པའི་འབད་འཐབ་པའི་ལེའུ་རྩོམ་བཞིན་ཡོད།
(རྡོ་རྗེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)