《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月05日

ཁྲོམ་ར་སྐྱ་ནམ་རྒྱས། ལོ་གསར་མཁོ་ཆས་འབེལ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ལོ་གསར་གྱི་མཁོ་ཆས་ཉོ་བས་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་མངོན་འོང་།

ལྷ་སའི་ལོ་གསར་མཁོ་ཆས་གཅིག་སྡུད་ཉོ་སྒྲུབ་བྱ་ཡུལ་གྱི་གྲས་ཡིན་པའི་བར་སྐོར་ཚོང་རར་ཚོང་པ་ཚོས་ཕྱེ་མར་འབོ་དང་། ཁ་ཟས། བྱི་རིལ། རྩེ་སྒྲོ ལོ་ཕུད་སོགས་ལོ་གསར་མཁོ་ཆས་ཁྲོམ་བཀྱག་སྟེང་སྒྲིག་གཤོམ་བྱས་ཁར། ཚོང་སྐད་དང་རིན་གོང་འགྲིག་པའི་སྒྲས་ཁེངས་ནས་ཡོད།

ལྷ་ས་གྲོང་ཁྱེར་མ་རྩ་ལས་གཉེར་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བྱམས་པས། “གྲོང་མི་ཚོ་ལོ་གསར་གྱི་མཁོ་ཆས་ཉོ་བར་སྟབས་བདེ་ཡོང་ཆེད། ང་ཚོས་ལོ་གསར་མཁོ་ཆས་བཙོང་སའི་ཁྲོམ་བཀྱག་རིན་མེད་ངང་མཁོ་འདོན་བྱས་པ་མ་ཟད། འདི་ལོ་ད་དུང་ཉིང་ཁྲིའི་བོད་ཕག་དང་། ནག་ཆུའི་མར། དཀར་ཆུའི་ཐོན་རྫས། ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་བཙོང་སའི་ཁྲོམ་བཀྱག་ཀྱང་བཙུགས་ཡོད། འདི་ལོ་ལོ་གསར་གྱི་མཁོ་ཆས་ཁྲོམ་རའི་ཐོག་བྱི་རིལ་དང་ཤིང་འབྲས་སྐམ་པོ་བཙོང་ས་དང་། ལོ་ཕུད་དང་སྙེ་མ་བཙོང་ས། ཁ་ཟས་དང་རྩེ་སྒྲོ་བཙོང་ས། ལུག་མགོ་དང་རྟེན་འབྲེལ་ཆ་ཡིག་བཙོང་ས་བཅས་ཁག་བཞིར་བགོས་ཡོད”ཅེས་ངོ་སྤྲོད་བྱས།

ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་པས་རྒྱུས་ལོན་ཟབ་མོ་དང་། མཉམ་ལས་ལ་སྐུལ་འདེད། མཛའ་མཐུན་ཇེ་ཟབ་ཏུ་སོང་ལ། བོད་ལྗོངས་ཁཱ་ཁེ་ལ་ཚོང་དོན་ཚད་ཡོད་ཀུང་སིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་དང་བསྟུན་ཏེ། ནེ་པ་ལ་དང་། འབྲུག་ཡུལ། སི་རི་ལན་ཁ་བཅས་ཀྱི་དམངས་ཁྲོད་འགྲེམས་ཚོང་80ལྷག་ཙམ་གྱིས་ལྷ་ས་དང་གཞིས་རྩེར་སྤུས་ཚད་མཐོ་བའི་དམངས་ཁྲོད་ཚོང་དོན་སྤེལ་རེས་ཀྱི་བྱེད་སྒོ་གཉེར་བ་རེད།

པར་①ནི་ཁ་ཟས་སྣ་ཚོགས་སྒྲིག་གཤོམ་བྱས་པར་འཛད་སྤྱོད་པའི་གདམ་ག་བྱ་ཡུལ་དུ་གྱུར་པ།

པར་②ནི་འདི་ལོའི་ལོ་གསར་མཁོ་ཆས་བཙོང་སའི་ཁྲོམ་བཀྱག་གི་ནང་འདྲེན་བཟའ་བཅའ་མང་པོར་གྲོང་མིའི་དགའ་བསུ་ཐོབ་པ།

པར་③ནི་གྲོང་མིས་རིན་གོང་ཁེ་ཞིང་སྤུས་ཀ་དག་པའི་སྣོད་ཆས་ཉོ་བཞིན་པ།

པར་④ནི་གྲོང་མིས་བོད་ཡིག་གི་རྟེན་འབྲེལ་ཆ་ཡིག་ཉོ་བཞིན་པ།

པར་⑤ནི་གྲོང་མིས་ལོ་གསར་མཁོ་ཆས་བཙོང་སའི་ཁྲོམ་བཀྱག་ནས་བྱི་རིལ་ཉོ་བཞིན་པ།

པར་⑥ནི་ལོ་གསར་པར་འཆམ་མཐུན་དང་། ལོ་ལེགས། བདེ་སྐྱིད་བཅས་མཚོན་པའི“ལོ་གསར་མེ་ཏོག”ཡིན་པ།

པར་⑦ནི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་རའི་ཟུར་ཞིག་ཡིན་པ།