ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་ཞབས་ཞུ་གཞི་རིམ་ལ་སྣུར་སྲིང་དང་། “གྲོང་ཚོ་རེར་ཐབས་ཇུས་རེ” ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་དམ་འཛིན་བྱ་གཞིར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་པ། གྲོང་གསེབ་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། ཉིང་ཁྲིའི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
ཀུན་ཕན་དངུལ་རྩ་གནད་ལ་སྨིན་པོས་སྤྱོད་ཐུབ་པ་བྱུང་བ།
ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལས་འགན་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཡིད་རྟོན་དངུལ་བུན་གྱི་ཞབས་འདེགས་ཞུས་ནས“དངོས་ཁམས་དྲ་ཚིགས་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རང་རོགས་སྒྲིག་ཆས། དྲ་སྦྲེལ་གྱི་དངུལ་རྩའི་ལས་སྟེགས། སྐོར་སྐྱོད་ཞབས་ཞུ། ཞིང་སྐྱོར་དངུལ་ལེན་ས”བཅས་ཕྱོགས་ལྔ་གཞི་གཅིག་གི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་ཀུན་ཕན་དངུལ་རྩ་གནད་ལ་སྨིན་པོས་སྤྱོད་ཐུབ་པ་བྱུང་ཡོད།
2013ལོ་ནས་ད་བར། ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་6.17མི་སྒེར་ལ་བཏང་བ་དང་། ཞིང་འབྲེལ་མིན་པའི་དངུལ་བུན་སྒོར་དུང་ཕྱུར་5.84མི་སྒེར་ལ་བཏང་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཐོན་སྐྱེད་གཉེར་སྐྱོང་གི་དངུལ་བུན་སྒོར་དུང་ཕྱུར་0.29བཏང་བ། གཞུང་ཕྱོགས་སྒེར་གཉེར་ལ་དངུལ་བུན་སྒོར་དུང་ཕྱུར་1.43བཏང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག་དངུལ་རྩའི་ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་བྱས་ཏེ“གསེར་སྙེ་ཞིང་ཕན་ཀུན་ཁྱབ”ཀྱི་ཞབས་ཞུའི་ས་ཚིགས་51དང་གྲོང་ཚོ་རིམ་པའི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་2བཙུགས་ནས་མང་ཚོགས་ལ་སྟབས་བདེ་དང་ཕན་འབྲས་ཆེ་བའི་དངུལ་རྩའི་ཞབས་འདེགས་ཞུས་ཡོད།
གཞན་ཡང་ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་མེ་ཏོག་གི་ཇའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། 2015ལོ་ནས་ད་བར་ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས“ཕ་ལམ་བྱང་བུ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང”བཅས་ཀྱི་དངུལ་བུན་དང་། ཞིང་ཕན་eདངུལ་བུན། གྲོང་གསེབ་དར་རྒྱས་ཀྱི་མཐའ་བརྟན་དངུལ་བུན། དམངས་ཕྱུག་དངུལ་བུན། ཞིང་དུད་ཀྱི་བྱང་བུ་བཞི་ཡི་ཡིད་རྟོན་འཕེལ་བའི་དངུལ་བུན། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁག་ཐེག་དངུལ་བུན་སོགས་ལ་བརྟེན་ནས་སྔ་རྗེས་སུ་དངུལ་བུན་སྒོར་དུང་ཕྱུར་5.27བཏང་སྟེ། མེ་ཏོག་གི་ཇ་ལོ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི“གསེར་ལོར”འགྱུར་བར་བྱས་ཡོད།
“གྲོང་ཚོ་རེར་བྱེད་ཐབས་རེར”བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ།
ཉེ་བའི་ལོ་ཤས་རིང་། རི་མཐོ་གྲོག་རོང་གི་ཁྲོད་དུ་གནས་པའི་སྣང་རྫོང་ལ་ཐོག་ཤང་སྐྱེ་གྲོང་ཚོས་བྱ་དགའ་དང་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་འབྲི་གཡག་དང་ར་གསོ་ཚགས་རྣམ་གྲངས་བབ་བསྟུན་སྣེ་ཁྲིད་ཀྱིས་ལག་ལེན་བསྟར་ཏེ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་འབབ་འཕར་ཡོང་བར་སྔར་བས་སྐུལ་འདེད་བཏང་ཡོད། མིག་སྔར་གྲོང་ཚོས་འབྲི་གཡག་མགོ་གྲངས་107དང་ར་མགོ་གྲངས་206གསོ་ཚགས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ལ་ཐོག་ཤང་རྩ་གྲོང་ཚོས་སྒུག་ནས་ཁོ་ན་མ་བསྡད་པར་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ་རང་འགུལ་ངང་འབྲི་གཡག་རྒྱགས་གསོའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་མ་ཟད། “གྲོང་ཚོ་རེར་བྱེད་ཐབས་རེར”བརྟེན་ནས་དེང་རབས་དང་། ཚན་རིག་དང་མཐུན་པ། ཚད་གཞི་ཅན་བཅས་ཀྱི་ཁྱད་ལྡན་གྱི་གསོ་ཚགས་ཀྱི་ལམ་བུར་བསྐྱོད་དེ་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ལ་ཐོག་ཤང་རྩ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས“2020ལོ་ནས་རྩ་གྲོང་ཚོའི་འབྲི་གཡག་གསོ་ཚགས་འགོ་ཚུགས་པ་རེད། ‘གྲོང་ཚོ་རེར་བྱེད་ཐབས་རེ’ལག་ལེན་བསྟར་ཚུན། ང་ཚོས་འབྲོག་ར་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ཇུས་གཞི་བཟོས་པས་འབྲི་གཡག་གསོ་ཚགས་ཀྱི་གྲངས་འབོར་དང་བྲིན་ཚོང་ཡོང་འབབ་དེ་གོང་ལས་མཐོ་རུ་ཕྱིན་ཡོད། གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ད་དུང་རིགས་གཅིག་མཁས་ཅན་ཐེངས་མང་གདན་འདྲེན་ཞུས་ནས་ས་གནས་ས་ཐོག་ཏུ་གཟན་ཆག་སྦྱོར་རྟ་དང་རྒྱུན་གཏན་གྱི་གཡོག་བྱེད་ཐད་མཛུབ་ཁྲིད་བྱས་ཡོད། ད་ཆ་གསོ་ཚགས་ར་བ་ཚད་ལྡན་ཅན་དུ་འགྱུར་བས་ཚང་མའི་ལས་ཀ་བྱེད་སེམས་ཆེ་རུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།
ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་བྱས་པ།
མིག་སྔ་ནི་སྲོལ་རྒྱུན་གྱི་ཞིང་དལ་དང་དགུན་དུས་ཀྱི་ངལ་གསོའི་དུས་ཡིན་ལ། སྡོང་ཕུང་འདེབས་འཛུགས་དང་བསྡུ་བའི་དུས་ཚོད་ཡག་ཤོས་ཡིན་པས་སྤོ་བོ་རྫོང་གི་ནགས་གསེབ་གང་སར་སྡོང་ཕུང་འདེབས་འཛུགས་བྱེད་མཁན་མཐོང་རྒྱུ་ཡོད།
བོད་ལྗོངས་སྤོ་བོའི་ས་མཐོའི་སྡོང་ཕུང་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། བཟོ་པ་ཚོས་ནགས་ཁྲོད་དུ་སྡོང་ཕུང་འདེབས་འཛུགས་ལ་བྲེལ་བའི་རྣམ་པ་མཐོང་རྒྱུ་ཡོད། ལས་སྣོན་བཟོ་གྲྭར་བཟོ་པ་ཚོས་བསྡུས་ཟིན་པའི་སྡོང་ཕུང་སོས་པ་དག་དབྱེ་འབྱེད་དང་། འཐུམ་རྒྱག གཙང་འཁྲུད། འདེམས་སྒྲུག སྲོ་སྐམ་གཏོང་བ་བཅས་ལ་བྲེལ་བཞིན་ཡོད།
བོད་ལྗོངས་སྤོ་བོའི་ས་མཐོའི་བོད་ཀྱི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་པིན་གྱིས“ང་ཚོས་2023ལོར་རོགས་སྐྱོར་བྱས་པའི་སྡོང་ཕུང་འདེབས་འཛུགས་དུད་ཆེན་གྱི་སྡོང་ཕུང་བསྡུ་བའི་ལས་དོན་མིག་སྔར་གཞི་རྩའི་ཆ་ནས་མཇུག་འགྲིལ་བ་དང་ཡོང་འབབ་སྒོར་ཁྲི་14བྱུང་ཡོད”ཅེས་བཤད།
སྡོང་ཕུང་འདེབས་འཛུགས་ནི་སྤོ་བོ་རྫོང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཡིན་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བརྒྱུད་རིམ་ནང་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། འཕེལ་རྒྱས་འགྲོ་ཕྱོགས་ལ་དམ་པོར་དམིགས་པ། ཡུལ་བབ་དང་བསྟུན་པ་བཅས་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་གསར་པ་ཧུར་ཐག་བཏོད་ནས་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་བཏོད་ཡོད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)