གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོའི་ཀུ་ཤུ་སྡོང་པོ་ཆུང་ངུའི་འདེབས་འཛུགས་རྟེན་གཞིའི་མཛོད་ཁང་དུ་ཉི་འོད་ཡག་པོ་འཕྲོས་པ་དང་། མདོག་དམར་བ། བྲོ་བ་མངར་བའི་ཀུ་ཤུ་མང་པོ་སྤུངས་ཡོད་པ་དེ་དག་ཀྲུང་གོ་སྦྲག་སྲིད་ལྷོ་ཁ་གྲོང་ཁྱེར་ཡན་ལག་ཀུང་སིའི་ལས་དོན་པས་རང་སར་ཡག་ཉེས་ཕྱེ་ནས་ཐུམ་སྒྲིལ་རྒྱག་བཞིན་འདུག ཟོག་འདྲེན་རླངས་འཁོར་གཉིས་ཀྱི་ནང་བྱུར་བུར་བླུགས་པའི་ཀུ་ཤུ་དག་བོད་ལྗོངས་སྦྲག་སྲིད་ཆེད་གཏོང་རླངས་འཁོར་གྱི་ཆེད་གཏོང་ལམ་ཐིག་བརྒྱུད་ཐད་ཀར་ཨན་ཧུའེ་རུ་དབོར་རྒྱུ་རེད་འདུག
“ང་ཚོས་བཏབ་པའི་ཀུ་ཤུ་ཆེན་པོ་མེད་ཀྱང་བྲོ་བ་ཧ་ཅང་ཞིམ་པོ་ཡོད”ཅེས་རྣམ་སྲས་གླིང་ཀུ་ཤུ་སྡོང་པོ་ཆུང་ངུའི་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ལི་ཧྲི་དབྱིན་གྱིས་གསར་འགོད་པར་ངོ་སྤྲོད་བྱེད་ཞོར་དུ་མི་རིང་བའི་སར་གནས་པའི་ཡར་ཀླུང་གཙང་འགྲམ་གྱི་ཀུ་ཤུའི་འདེབས་འཛུགས་རྟེན་གཞིར་མཛུབ་མོ་བཙུགས་བཞིན་བཤད།
2021ལོར་བོད་ལྗོངས་ཅི་ཝེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོའི་མུའུ་4000གི་སར་ཀུ་ཤུའི་སྡོང་པོ་ཆུང་ངུ་འདེབས་འཛུགས་བྱེད་པར་མ་དངུལ་སྒོར་ཁྲི་1500ཙམ་བཏང་ཡོད།
ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ལས་མིས་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། ད་ཆ་མུའུ་4000གི་སར་ཀུ་ཤུའི་སྡོང་པོ་ཆུང་ངུ་བཏབ་པའི་ལོ་གཉིས་པ་དེ་རང་ལ་འབྲས་བུ་བཏགས་ཡོད།
2023ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་གྲ་ནང་རྫོང་གིས་རྒྱལ་ཡོངས་སུ་ཀུ་ཤུའི་སྡོང་པོ་ཆུང་ངུ་རྒྱ་ཁྱབ་ཏུ་འཚོང་འགོ་ཚུགས་ཏེ། ཅི་ལིན་དང་། ཧུའུ་ནན། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོར་འཚོང་གི་ཡོད། ད་བར་རིམ་རྩིས་བརྒྱབ་ན་ཀུ་ཤུ་སྒམ་ཁྲི་གཅིག་ལྷག་ཙམ་བཙོངས་ཡོད།
ཀྲུང་གོ་སྦྲག་སྲིད་ལྷོ་ཁ་གྲོང་ཁྱེར་ཡན་ལག་ཀུང་སིའི་འགན་འཁུར་བ་ཁྲོའུ་ཧྥང་མིང་གིས། “ང་ཚོའི་ཀུང་སིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོའི་ནང་ཧུར་ཐག་ཞུགས་ནས། ‘བོད་ཀྱི་སྤུས་རྟགས་བོད་ནས་ཕྱིར་གཏོང’བྱས་པ་དང་། ‘མང་པོ་ཡོད་ན་ཐད་གཏོང་དང་ཆེད་གཏོང་རླངས་འཁོར་གྱིས་ཐད་གཏོང’གི་བྱེད་སྟངས་ལ་བརྟེན་ནས་གྲ་ནང་རྫོང་གི་སྡོང་པོ་ཆུང་ངུའི་ཀུ་ཤུ་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་བཙོངས་ཏེ། ས་མཐོའི་ཤིང་འབྲས་ཀྱི་དྲི་ཞིམ་མེས་རྒྱལ་གྱི་ས་གཞི་ཆེན་པོར་འཐུལ་བར་བྱས་ཡོད”ཅེས་བརྗོད།
དེ་ལྟར་ཡིན་པ་མ་ཟད། ཀུ་ཤུའི་སྡོང་པོ་ཆུང་ངུ་འདེབས་འཛུགས་རྟེན་གཞི་བསྐྲུན་པས་མང་ཚོགས་ཕྱུག་འགྱུར་གྱི་རེ་བ་ཡང་ཆེ་རུ་ཕྱིན་ཡོད།
“དེ་གོང་ང་ཚོ་ཕྱིར་གླ་པ་རྒྱུག་པར་འགྲོ་དགོས་ཀྱི་ཡོད། ད་ཆ་ང་ཚོ་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཀ་རག་པ་མ་ཟད། ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ལེན་རྒྱུ་འདུག”ཅེས་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་མཁན་ཉེ་འདབས་ཀྱི་གྲོང་མི་ལྷག་པ་ཚེ་རིང་གིས་བཤད།
ད་ཆ་ཀུ་ཤུའི་སྡོང་པོ་ཆུང་ངུ་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་འདེབས་འཛུགས་རྒྱ་ཆེན་པོ་བྱས་ཡོད་པས། ཉེ་འདབས་གྲོང་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ་མ་ཟད། ཕྱོགས་གང་ས་ནས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་མངོན་བཞིན་འདུག(རིག་རྡོར་གྱིས་བསྒྱུར། པ་ཕན་དང་རིག་རྡོར་གྱིས་ཞུས)