ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཐེན་ཅིན་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་སྐུ་ཁམས་གསལ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བྱ་བ་ལམ་ལྷོངས། འབྲུག་ལོར་བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་རླབས་ཆེན་མེས་རྒྱལ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། རྒྱལ་ཁབ་བདེ་འཇགས་དམངས་རྣམས་བདེ་ལ་འཁོད་པ། དར་རྒྱས་གོང་འཕེལ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཟླ་2ཚེས་1དང་ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མེར་དང་ཧྲི་ཀྲང་ཀྲང་ཀུང་གི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་གྲོང་གསེབ་དང་། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་། གསར་བརྗེའི་དྲན་གསོ་ཁང་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་སྟེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་མཚོན་པར་གནང་བ་རེད།
ཚེས་1ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མེ་འཁོར་ནས་བབས་གནང་མ་ཐག ཤིས་ཆིང་ཆུས་ཤིན་ཁའུ་གྲོང་རྡལ་ཏི་ལེའུ་པུའུ་གྲོང་ཚོར་ཕེབས་ཤིང་། ན་ནིང་གི་ཟླ་7པའི་ཟླ་མཇུག་ནས་ཟླ་8པའི་ཟླ་འགོ་བར། ཧྭ་པེ་ས་ཁུལ་དུ་དྲག་ཆར་བབས་ནས་མཚོ་ཆུའི་འབབ་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་ཏེ་ཐེན་ཅིན་ཏུང་ཏན་ཆུ་ལོག་གསོག་ཁུལ་གྱི་ས་ཆ་མང་པོ་ཆུས་བསྣུབས། ཞི་ཅིན་ཕིང་གིས་ས་གནས་ས་ཐོག་ཏུ་ཐེན་ཅིན་གྲོང་ཁྱེར་ཡོངས་དང་དེ་བཞིན་ཤིས་ཆིང་ཆུས་ཀྱི་གནོད་འཚེའི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ་དྲོད་ཁང་དུ་ཕེབས་ནས་སྔོ་ཚལ་སྐྱེ་ཚུལ་ལ་གཟིགས་པ་མ་ཟད། ཚལ་འདེབས་ཞིང་པར་དྲོད་ཁང་ཆེ་མོ་ཉམས་བཟོ་དང་། སྔོ་ཚལ་གསབ་འདེབས། ཕྱིར་ཚོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་རེད། ཁོང་གིས་ས་གནས་ཀྱིས་ཐོན་སྐྱེད་རང་སྐྱོབ་སྒྲིག་འཛུགས་ཧུར་ཐག་དང་དུས་ཚོད་དམ་འཛིན་གྱིས་འབྲུབ་འགོག་ཧུར་ཐག་བྱས་ནས་མང་ཚོགས་བཀོད་སྒྲིག་དང་འདེབས་དགོས་རིགས་ཚང་མ་འདེབས་པའི་མི་སྒུག་མི་བརྟེན་པའི་རང་འགུལ་སྙིང་སྟོབས་ལ་གདེང་འཇོག་གང་ལེགས་གནང་བ་དང་ཆབས་ཅིག ཡུལ་མི་ཚོས་དཀའ་སྤྱད་ངལ་རྩོལ་དང་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་མི་རབས་བཞི་འཛོམས་ཀྱི་གྲོང་མི་ཏུའུ་ཧུང་ཀང་གི་ཁྱིམ་དུ་ཕེབས་ནས་བྱམས་བརྩེའི་ངང་ཁྱིམ་ཚང་གི་འཚོ་བའི་སྐོར་དང་། གེགས་བར་གྱི་གྱོང་གུན་དང་གེགས་བར་རྗེས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་འབབ་འཕར་སྐོར་གླེང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིར་ཏུའུ་ཧུང་ཀང་གིས་ཆུ་ལོག་ནང་མ་རྨོས་ལོ་ཏོག་དང་སྔོ་ཚལ་མུའུ་10ལྷག་ཙམ་ཆུས་བསྣུབས་སོང་། འོན་ཀྱང་ཏང་དང་སྲིད་གཞུང་གི་རོགས་རམ་འོག་མགྱོགས་མྱུར་དཀའ་གནད་ལས་སྒྲོལ་བ་དང་། ལྷག་པར་དུ་སྔོ་ཚལ་དྲོད་ཁང་མགྱོགས་མྱུར་ཉམས་བཟོ་བྱས་པས་སྔོ་ཚལ་གྱི་ཐོན་འབབ་ཡག་པོ་བྱུང་། ལོ་གསར་འཆར་ཉེར་ཡོད་པས་ལོ་གསར་གྱི་མཁོ་ཆས་ཚང་མ་གྲ་སྒྲིག་ཚར་སོང་། གྲོང་ཚོས་ད་དུང་རིག་གནས་བྱེད་སྒོ་ཁག་གཅིག་བཀོད་སྒྲིག་བྱས་པས་གྲོང་མི་ཚོ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་ཞུས། ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་དམངས་རྣམས་བདེ་ལ་འཁོད། དམངས་རྣམས་བདེ་ལ་འཁོད་ན་རྒྱལ་ཁབ་གཞི་ནས་བདེ་འཇགས་ཐུབ། ཏང་ཀྲུང་དབྱང་དང་དེ་བཞིན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་རྟག་ཏུ་ཚང་མའི་བདེ་སྡུག་སེམས་ལ་བཅངས་ཡོད་ལ། ཡུལ་མི་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་རུབ་རུབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་དང་། བྱམས་བརྩེའི་ངང་གྲོང་མི་ཚོར་ཚང་མའི་ཐོན་སྐྱེད་དང་འཚོ་བ་གཞི་རྩའི་ཆ་ནས་སླར་གསོ་བྱུང་བ་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ན་ནིང་ནས་བཟུང་། རང་རྒྱལ་གྱི་ས་གནས་གཞན་དག་ལའང་ཆུ་ལོག་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ། རི་ཉིལ་བ། དྲོད་ཚད་དམའ་བ་དང་གངས་འཁྱགས་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་པར་ངས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་ཀྱི་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དམངས་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་གེགས་འགོག་གེགས་སེལ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་གི་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་དོན་དེ་བས་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ནས་གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་ཕེབས། ཁྲོམ་གཞུང་གི་རྣམ་པ་གནའ་ཉམས་དོད་ཅིང་། ཞི་ཅིན་ཕིང་གིས་ཞབས་ཐང་མར་ཁྲོམ་གཞུང་དུ་ཡོད་པའི་ཁྱད་ལྡན་ཚོང་ཁང་དུ་ཕེབས་ཏེ་ཐོན་རྫས་རིགས་དང་། བྲིན་ཚོང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཚོང་ཁང་གི་སྦྱིན་བདག་དང་། ལས་མི། ས་གནས་ས་ཐོག་གི་མང་ཚོགས་བཅས་དང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་རིང་དམངས་འཚོའི་ཚོང་ཟོག་ཐོན་ཚོང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་འབོར་འདང་ངེས་དང་། སྣ་ཁ་ཕུན་སུམ་ཚོགས་པ། སྤུས་ཚད་བློས་འགེལ་ཆོག་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་བློ་བདེའི་ངང་འཛད་སྤྱོད་དང་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཉིད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཁ་འབྲལ་ཐབས་མེད། ཐེན་ཅིན་ནི་ཁྱད་ཆོས་དང་ཉམས་འགྱུར་གྱིས་ཕྱུག་པའི་གྲོང་ཁྱེར་ཞིག་ཡིན་པས། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་འཛུགས་སྐྲུན་ཁྲོད་ཐེན་ཅིན་གྱི་ངོ་མཚར་གཏོད་དགོས་ཞེས་གསུངས་པ་རེད།
ཁྲོམ་གཞུང་དུ་རྔ་སྒྲ་ལྡིར་ལྡིར་དུ་གྲགས། འབྲུག་རྩེད་དང་སེང་རྩེད་ཀྱི་འཁྲབ་སྟོན་འཁྲུག་ཆ་དོད་ལ་དགའ་སྤྲོའི་རྣམ་པས་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་མི་རྣམས་ཀྱིས་སྤྲོ་སྣང་ཆེན་པོས་དགའ་བསུ་ཞུས། ཞི་ཅིན་ཕིང་ཚང་མའི་མདུན་དུ་ཕེབས་ཏེ་ཐེན་ཅིན་གྱི་གྲོང་མི་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་གྲོང་མི་དང་ཡུལ་སྐོར་བས་སྤྲོ་སྣང་ཆེན་པོས་སྲོལ་རྒྱུན་གྱི་དམངས་སྲོལ་འཁྲབ་སྟོན་ལྟ་བཞིན་པ་མཐོང་སྐབས་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་བྱུང་། འདི་ལོ་ནི་འབྲུག་ལོ་ཡིན་པས། ཀྲུང་ཧྭའི་རིག་གནས་ལས་འབྲུག་ལ་དཔའ་ངར་ཆེར་སྐྱེད་དང་། གསོན་ཤུགས་ལྡན་པ། བཀྲ་ཤིས་པ་སོགས་ཀྱི་དོན་སྙིང་མང་པོ་ལྡན་ཡོད་ལ་མཛེས་སྡུག་ལྡན་པའི་འདུན་པའང་མཚོན་གྱི་ཡོད། ཚང་མས་ལོ་གསར་པར་གདེང་ཚོད་ཀྱིས་ཁེངས་བཞིན་འཚོ་བ་དེ་བས་ཡག་པོ་སྐྱེལ་དགོས། དཔྱིད་གསར་དུས་ཆེན་རིང་། ས་གནས་ཁག་གིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་མང་ཙམ་སྤེལ་ནས་དུས་ཆེན་དེ་བས་བཀྲ་ཤིས་ལ་སྤྲོ་སྣང་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་2ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་ཞིབ་ཕྲ་གཟིགས་ཀྱིན་ཚང་མ་དང་སྤེལ་རེས་གནང་བ་མ་ཟད། ཀྲུང་གོའི་གསར་བརྗེའི་དམག་འཁྲུག་གི་ལོ་རྒྱུས་སློབ་སྦྱོང་རྒྱུན་མཐུད་བྱས་ནས་ཐོབ་པར་དཀའ་བའི་གསར་བརྗེའི་བྱ་གཞག་ལ་གཅེས་འཛིན་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱས་ཏེ། མདུན་སྐྱོད་ལམ་བུའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚེས་2ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཐེན་ཅིན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། ཁོང་གིས་ཐེན་ཅིན་གྱིས་ལྟེ་བའི་ལས་དོན་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་དང་། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་སྣེ་ཁྲིད་དུ་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་གསར་འབྱེད་ཡར་བརྩོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐེན་ཅིན་གྱི་ལེའུ་ཧུར་ཐག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ཞིབ་སྤེལ་རྟེན་གཞི་ཡིན་པའི་ཐེན་ཅིན་གྱིས་ཚན་སློབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་ལེགས་ཆ་བཏོན་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་སྔོན་ལ་བརྩོན་ལེན་བྱེད་ཕོད་པ་དང་བྱས་རྗེས་འཇོག་མཁས་པོ་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་དུ་དམ་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་གླིང་བསྐྲུན་པར་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། པེ་ཅིང་དང་མཉམ་དུ་ཚན་རྩལ་གསར་གཏོད་མཐུན་སྦྱོར་དང་ཐོན་ལས་མ་ལག་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་མཉམ་དུ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་ནི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་སྒུལ་ཤུགས་ཤིག་ཡིན། ཐེན་ཅིན་གྱིས་བཏོན་ཟིན་པའི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས། དུས་བབ་དང་ལས་འགན་གྱི་འཕེལ་རྒྱས་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་སྒྱུར་བཅོས་བྱེད་ཐབས་གསར་པ་ཇུས་འགོད་ལག་བསྟར་བྱས་ཏེ་སྒྱུར་བཅོས་ཀྱི་གནད་འཁེལ་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ལྷག་པར་དུ་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་མགྱོགས་པོ་འཛུགས་པ། ས་ཁོངས་གཞི་གཅིག་ཅན་དང་པེ་ཅིང་དང་ཐེན་ཅིན་གྲོང་གཅིག་ཅན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་བ། རིག་གནས་ལ་བརྟེན་ནས་བྱ་གཞག་དར་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་དང་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ་ནི། གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་གྱི་ཤེས་དཔལ་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་ཞིག་རེད། ཐེན་ཅིན་གྱིས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་དང་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་དང་། ཁྲོམ་རའི་མ་ལག སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པ་དང་ནང་དོན་གཏིང་ཟབ་པའི་རིག་གནས་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། ཐེན་ཅིན་གྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་སྔར་ལས་ལྷག་པའི་སྒོ་ནས་མངོན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་ནི། དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་བསྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན། ཐེན་ཅིན་གྱིས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་ནས་གྲོང་མིའི་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས། གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་རྒྱ་རིམ་བཞིན་ཆེ་རུ་གཏོང་བ་དང་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། མི་དམངས་མང་ཚོགས་ལ་རྒྱུན་ཆད་མེད་པར་ཐོབ་སྣང་གསར་པ་ཡོང་བ་བྱེད་དགོས། ནང་གནས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་བཅོས་སྐྱོང་གསར་གཏོད་དང་། མཉེན་ཆ་དང་བདེ་འཇགས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱེད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་ལས་རྣམ་དང་། ནུས་པ། སྤུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མཇུག་འགྲིལ་ཉེར་ཡོད་པས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་ལ་མུ་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
མཇུག་ཏུ། ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་དང་བདེ་འཇགས་འགན་ལེན་དང་། དངོས་ཟོག་དང་ནུས་རྒྱུ་མཁོ་འདོན་འགན་ལེན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་དམངས་མང་ཚོགས་སྤྲོ་སྣང་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
(པ་སངས་དང་། སྒྲོན་ལགས། མཚམས་གཅོད། པད་ཆོས་བཅས་ཀྱིས་སྒྱུར་ཞུས་བྱས)