དཔྱིད་གསར་དུས་ཆེན་དང་བོད་ཤིང་འབྲུག་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ལྷ་སའི་བར་སྐོར་ཁྲོམ་གཞུང་དང་། ཁྲོམ་གཟིགས་སྒང་། དེ་བཞིན་ཚོང་ར་ཆེ་གྲས་ཁག་ཏུ་བཙུགས་པའི་ལོ་གསར་མཁོ་ཆས་ཁྲོམ་ར་ཉིན་རེ་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྲ་རྒྱས་གོང་འཕེལ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་གོང་མཐོར་འགྲོ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་འཕེལ་བཞིན་ཡོད་ལ། ཁོང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགའ་ཞེན་དང་རེ་བའང་ཇེ་ཆེར་འགྲོ་བཞིན་ཡོད།
ལོ་ལྟར་ལོ་གསར་འཆར་ཉེའི་མཚམས་སུ། ལྷ་སའི་ཁྲོམ་གཞུང་དུ་མི་ཚོགས་ཀྱི་འདུ་ལོང་རབ་ཏུ་རྒོད་ཅིང་། ལོ་གསར་གྱི་མཁོ་ཆས་ཉོ་ཚོང་བྱེད་མཁན་གྱིས་འཚང་ག་ཤིག་ཤིག་བྱེད། བོད་ཀྱི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། ལོ་གསར་ནི་ལོ་གཅིག་དུས་གཅིག་གི་དུས་ཆེན་གྲ་རྒྱས་ཤོས་དེ་ཡིན་ལ། ཆེས་སོས་དལ་བག་ཕེབས་དང་སྣང་བ་སྐྱིད་ཤོས་ཀྱི་དུས་ཚོད་ཅིག་ཀྱང་རེད། ལྷ་སའི་ཁྲོམ་གཞུང་ཁག་ཏུ་སྐྱོད་སྐབས། གྲལ་བསྟར་འགྲིག་ནས་བཞག་པའི་ཕྱེ་མར་འབོ་དང་། བཟོ་ལྟ་སྣ་ཚོགས་ཀྱི་སྒོ་ཡོལ་དང་ཤམ་བུ། སྡེར་ཁ། དཔེ་གསར་གྱི་བོད་ཆས་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཁ་ཧ་ཅང་མང་བ་དང་། འབྲི་གཡག་དང་བོད་ཕག་གི་ཤ་དང་། སྔོ་ཚལ། སྦྲང་རྩི། ཁ་ཟས་སོགས་གང་དགོས་ཅི་དགོས་འཛོམས་པས། འདི་ལས་བོད་ཀྱི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཇེ་སྐྱིད་དུ་ཕྱིན་པ་གསལ་པོར་རྟོགས་ལ། ལོ་གསར་གྱི་མཁོ་ཆས་ཁྲོམ་རས་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་སྐོང་བཞིན་པའང་ངང་གིས་རྟོགས་ཐུབ།
དྲ་གྲགས་མིང་ཅན་གྱིས། འབབ་འཕར་ལམ་སྣེ་ཁྲིད།
བོད་ཆས་དཔེ་གསར་མང་། ཉོ་འདོད་འགྲམ་ཆུ་ལྡང་།
ཁ་ཕོར་འདྲ་མིན་ཁྲོད། ཤིང་ཕོར་མིག་ལ་མཛེས།
རོ་མངར་ཞིམ་ཟས་ཀྱིས། ཟ་འདོད་ལྟོགས་སླ་བསླངས།
པང་གདན་འཇའ་ལས་མཚར། ཉོ་མཁན་རྒྱུན་མི་ཆད།
ལོ་གསར་འཆར་ལ་ཉེ།
མཁོ་ཆས་སྣ་ཁ་འཛོམས།
ཉོ་ཚོང་འཁྲུག་ཆ་དོད།
དམངས་སེམས་དགའ་བས་མྱོས།