《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月02日

ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གྲོས་བསྡུར་འཁྲུག་པོ་བྱས་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བརྗོད་དོན། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱར་གཞི་ཚུགས་པ་དང་། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་བེད་སྤྱོད་ཡག་པོ་བྱེད་པ། ལྟ་སྟངས་ལེགས་སུ་གཏོང་བ་དེ་གཞན་འགུལ་ནས་རང་འགུལ་དུ་འགྱུར་བར་བྱེད་པ། ལས་དོན་དེ་བས་ལེགས་པར་སྒྲུབ་པ་དང་ལས་དོན་ལ་ཕན་འབྲས་དེ་བས་ལེགས་པ་ཐོན་པ་བཅས་བྱས་ནས། གླེང་ཕྱོགས་ཁྲིད་སྟོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་ཐུབ་པར་འགན་ལེན་བྱེད་ཀྱི་ཡིན།

མང་ཚོགས་སྒྱུ་རྩལ་ཁང་ནི་སྤྱི་པའི་རིག་གནས་ཞབས་ཞུའི་གཞི་རྟེན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས“ཕྱིར་སྐྱོད་པ”དང“གདན་དྲངས་བ”ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། “གར་སྟེགས་ཆེན་པོ”དང་། “འཆད་ཁྲིད་ཆེན་པོ” “འགྲེམས་སྟེགས་ཆེན་པོ”སོགས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། བོད་ཀྱི་མང་ཚོགས་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེ་རུ་ནུས་ལྡན་ཕྱིན་ཡོད།

རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་གཞོན་པ་ཨའོ་ཁྲའོ་ཡིས་གསར་འགོད་པར་བརྗོད་དོན། 2023ལོར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(ནན་ཉིང)གྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོར་ཐོག་མར་ཞུགས་པ་དང་། “དཔྱིད་ཀྱི་སྦྲང་ཆར་འདུ་འགོད”ཀྱི་ཧྲན་ཤིས་རིག་གནས་ཡུལ་སྐོར་དང་བླངས་ཞབས་ཞུའི་བོད་ཀྱི་བྱ་སྤྱོད་དང“ཧྲན་ཤིས་དང་ལས་དབང་གཅིག་ཏུ་སྦྲེལ། མཛེས་སྡུག་ལྡན་པའི་གྲོང་གསེབ”ཅེས་པའི་ཧྲན་ཤིས་ཞིང་ཆེན་གྱི་དྲ་རྒྱའི་པར་རྒྱག་གི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་འབྲེལ་ཡོད་ལས་དོན་སྔ་རྗེས་སུ་ལེགས་གྲུབ་བྱུང་ཡོད། བྱེད་སྒོ་དེ་དག་སྤེལ་རིང་རང་ལྗོངས་ཀྱིས་ཟུར་ཚད་མང་བ་དང་། ཕྱོགས་ཡོངས། ཕྱོགས་བསྡུས་བཅས་ཀྱི་ཐོག་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཕྱི་ཕྱོགས་ཀྱིས་བོད་ལྗོངས་ལ་སྔར་བས་རྒྱུས་མངའ་ལོན་པར་རྨང་གཞི་ཡག་པོ་བཏིང་ཡོད།

ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་བརྒྱུད་སྤེལ་གྱི་ཆོས་ཉིད་དང་མཐུན་པ་དང་། སྤྱི་དམངས་ཀྱིས་དགའ་ཞིང་གཅེས་པ། བདེ་ཐང་ཡར་བརྩོན་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་འདོན་དགོས།

“ན་ནིང་ལྗོངས་ཡོངས་ཀྱི་སྔོན་དུ་ཉིང་ཁྲིར་རྫོང་རིམ་པའི་རིག་རྩལ་ལྷན་ཚོགས་ཁྱོན་ཡོངས་ལ་ཁྱབ་ནས་ཉིང་ཁྲིའི་རིག་རྩལ་ལས་དོན་གྱི་ལེའུ་གསར་པ་བརྩམས་ཡོད”ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ནོར་བུས་ངོ་སྤྲོད་བྱས་དོན། ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་དངོས་སྒྲུབ་བྱེད་རིང་ཉིང་ཁྲིའི་རིག་རྩལ་གྱི་འགན་སེམས་མངོན་པར་བྱེད་ཀྱི་ཡིན། ཕྱོགས་གཅིག་ནས་བརྩམས་ཆོས་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་བརྟན་སྲུང་བྱེད་པར་ཁྲིད་སྟོན་དང་། “ཞབས་འདེགས་ཞུ་བ་གཉིས”དང“བརྒྱ་གཉིས”ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། གཞི་རིམ་ལ་ཕྱོགས་ནས་པར་ལེན་པ་དང་རྩོམ་ཡིག་འབྲི་བ་བཅས་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། ནང་དོན་ཟབ་པ། བརྒྱུད་སྤེལ་སླ་བ། སྤེལ་ཤུགས་ཆེ་བ་བཅས་ཀྱི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བྱེད་སྒོ་སྤེལ་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་རྣམ་པ་མང་བ་དང་བརྗོད་དོན་ཕུན་སུམ་ཚོགས་པའི་རིག་རྩལ་དང་རིག་གནས་ཀྱི་བྱེད་སྒོ་ཡག་པོ་སྤེལ་བ་དང་། ཉིང་ཁྲིའི“ས་གནས་གཉིས་དང་ཁུལ་ལྔ”འཛུགས་སྐྱོང་ལ་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བ། སྒྱུར་བཅོས་སྒོ་དབྱེ་སྔོན་དུ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་ཐོབ་པའི་ཉིང་ཁྲིའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཉིང་ཁྲིའི་གཏམ་རྒྱུད་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཀྱི་ཡིན།

ཉིང་ཁྲི་གྲོང་ཁྱེར་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་གིས“ཉིང་ཁྲི་གྲོང་ཁྱེར་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས། ཤེས་ལྡན་པ་སྔོག་འདོན་ལ་མཐོང་ཆེན་བྱེད་པ་དང་། ཀུན་སྤྱོད་ལེགས་ཤིང་སྒྱུ་རྩལ་ལ་བྱང་པའི་རིག་རྩལ་ཤེས་ལྡན་པ་སྐྱོང་བ། དུས་རབས་གསར་པའི་ཉིང་ཁྲིའི་ཡིག་གཟུགས་དང་མཛེས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་དོན་སྒྲུབ་སྟངས་སྔར་བས་གསར་གཏོད་བྱེད་པ། ལས་ཕྱོད་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ། བརྩམས་ཆོས་མང་ཙམ་དང་ལྷག་དོན་དུ་བརྩམས་ཆོས་རྩེ་གྲ་དེ་བས་མང་ཙམ་འདོན་པ་བཅས་བྱས་ཏེ། ཉིང་ཁྲིའི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་བརྗོད།

(རིག་རྡོར་གྱིས་བསྒྱུར། པ་ཕན་དང་རིག་རྡོར་གྱིས་ཞུས)