《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月01日

ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་1ཚེས་29ཉིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་དང་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བརྗོད་དོན། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པར་བྱས་ཏེ། དུས་རབས་གསར་པའི་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཀྱི་ཡིན།

དར་ཆས་ཁ་ཕྱོགས་ལ་ཁྲིད་སྟོན་དང་དགོངས་པས་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ། གཏིང་ཟབ་དང་། ནང་སེམས་སུ་འཇགས་པ། ཕྱོགས་སྒྱུར་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་ཏན་ཏིག་འགྱུར་བ་བྱེད་དགོས།

གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལེ་ཀོང་ཅུན་གྱིས་བརྗོད་དོན། གཏིང་སྐྱེས་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། གཙོ་རྒྱུན་རིན་ཐང་དང་། གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། དེ་བཞིན་གཞིས་རྩེ་གྲོང་ཁྱེར་འདི་ཉིད་བོད་ལྗོངས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། གཏིང་སྐྱེས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་བཅས་ནུས་ཤུགས་ཡོད་རྒུས་སྒྲུབ་ནས། རྫོང་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བློ་སྒྲིལ་སེམས་སྐྱེད་བྱེད་ཀྱི་ཡིན།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལི་ཝུན་ཧྲུའུ་ཡིས“གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་ལྷག་བསམ་རྣམ་དག་དང་ཟོལ་མེད་བརྩེ་སེམས་བཅངས་ནས་ལས་དོན་སྒྲུབ་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ་ཤོག་སྟེང་གི་རིགས་པའི་གཞུང་ལུགས་ལ་གསོན་ཤུགས་ལྡན་པ་དང་། རྣ་བར་ཐོས་པའི་གཏམ་རྒྱུད་བདེན་པ་བདེན་ཐུབ་ཡིན་པ། སེམས་ནང་གི་གཟུགས་བརྙན་གསོན་ཉམས་དོད་པ་བཅས་ཡོང་བར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལང་པ་དང་མི་དམངས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དང་དགོས་མཁོ་ཡོད་སར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་གོམ་སྟབས་ཀྱང་དེ་གར་སླེབས་ཐུབ་པ་དང་དེ་གར་ཁྱབ་ཐུབ་པ་བྱས་ཏེ། ཏང་གི་གསུང་སྒྲ་མང་ཚོགས་ཀྱི་ཉེ་འགྲམ་དུ་དྲིལ་བསྒྲགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

(པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)