རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཚེ་བརྟན།
འཐུས་མི་རྣམ་པ།
ངས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་པ་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།
2023ལོའི་ལས་དོན་གཙོ་བོ།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་འགོ་ཁྲིད་ཚན་ཁག་སྐབས་གསར་པས་འབད་འབུངས་དངོས་སྒྲུབ་བྱེད་འགོ་ཚུགས་པའི་ལོ་ཞིག་བཅས་ཡིན། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། དེ་བཞིན་སྲིད་གཞུང་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ལ་བརྟེན་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཏེ། “དྲང་གཞག་དང་ལས་ཕྱོད”ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་འདྲི་གཅོད་ཀྱི་འདུ་ཤེས་དང་། འདྲི་གཅོད་ཀྱི་ལམ་སྲོལ། འདྲི་གཅོད་ཀྱི་མ་ལག འདྲི་གཅོད་ཀྱི་དོ་དམ་བཅས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་ཐོག ལྗོངས་ཡོངས་ཀྱི་ཁྲིམས་ཁང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་གཞི་84944བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་27.65%འཕར་ཞིང་། འདྲི་གཅོད་དུས་བཅད་ནང་གྱོད་ཐག་བཅད་ཚད་94.77%དང་། འདྲི་རིམ་དང་པོའི་ཁྲུན་གཅོད་ལ་ཡི་རངས་བྱུང་ཚད་90.18%ཟིན་ཡོད། ཁྲིམས་དཔོན་མི་རེས་ཆ་སྙོམས་གྱོད་གཞི་82.38ཐག་བཅད་པ་དང་། གྱོད་གཞི་7019གཏུག་བཤེར་མ་བརྒྱུད་པར་འདུམ་འགྲིག་བྱས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་1171བདག་སྤྲོད་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དོ་དམ་གྱི་དམིགས་ཚད་མ་ལག་28གཏན་འཁེལ་བྱས་པའི་ཁྲོད་ལུགས་མཐུན་བར་ཁོངས་སུ་གནས་པ་དང་དེ་ལས་ལྷག་པ་ཡིས་96.4%བཟུང་བས། ན་ནིང་གི་དམིགས་ཚད་མ་ལག་18ལས་ལྷག་པ་ཡོད་ཅིང་། གྱོད་ཞིབ་ཀྱི་སྤུས་ཚད་དང་། ལས་ཕྱོད། ཕན་འབྲས་བཅས་བརྟན་ཐོག་ཡར་འཕེལ་བྱུང་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཁག་19སྤེལ་བས། ལས་རྗེས་གསར་པ་མངོན་ཡོད།
གཅིག ལོ་འདིའི་ནང་ང་ཚོས་བསམ་བློའི“གཅུས་སྒོ་ཨ་མ”དམ་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ཁྲིམས་སྐྱོང་གི་རང་རྟོགས་ཤུགས་ཆེར་བཏང་ཡོད།
ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ“ཆབ་སྲིད་ཐད་ནས་བསམ་གཞིགས་དང་ཁྲིམས་སྐྱོང་ཐད་ནས་གཉེར་སྒྲུབ”བྱ་རྒྱུ་གཉིས་གཅིག་གྱུར་དམ་ཚགས་བཟོས་ཏེ། ཞབས་ཞུའི་འདུ་ཤེས་གསར་སྒྱུར་བྱེད་པ་དང་། ཞབས་ཞུའི་ངེས་གནས་འཚོལ་ཞིབ་ཡང་དག་བྱེད་པ། ཞབས་ཞུ་སྒྲུབ་ཐབས་ལ་ཞིབ་འཇུག་བྱེད་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་མིག་རྒྱང་དང་ཁྲིམས་སྐྱོང་གི་བསམ་གཞིར་བརྟེན་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྲིམས་ཁང་གི་ལས་དོན་ཡག་པོ་བསྒྲུབས་ཡོད།
—— ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་པ། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་། ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་ནན་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཏང་ཙུའུ་ཡིས་རིམ་མཚུངས་ཏང་ཨུད་དང་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལ་ལས་དོན་ཐེངས་900ལྷག་ཙམ་དགོངས་སྐོར་སྙན་སེང་ཞུས་ཡོད། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བརྟན་པོར་བཅངས་ཏེ། དུས་ཚོད་དང་པོར་ཏང་ཀྲུང་དབྱང་གི་འཐབ་ཇུས་ཤེས་རྟོགས་ཐུབ་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི“སྤྱི་ཡོངས་ཀྱི་ལས་དོན་གཅིག་ལ་དམ་པོར་དམིགས་ཏེ་གཙོ་གནད་བདུན་ལ་དམ་འཛིན་ཡག་པོ་བྱེད་པའི”སྤྱིའི་བསམ་གཞི་ཁ་གསལ་བཟོས་ནས་རིམ་ཁག་ཁྲིམས་ཁང་ཏང་ཙུའུ་ཡི“འཇོན་ཐང་བདུན”ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས“དོན་ཆེན་བཞི”གཞི་རྩར་བཟུང་སྟེ“འཛུགས་གཏོད་བཞི”ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་ལག་བསྟར་བསམ་འཆར》དང་། 《གཙོ་གནད་ལས་དོན་ལ་དུས་བཀག་ཐོག་དབྱེ་ཞིབ་མཐའ་དཔྱོད་བྱེད་པའི་ལས་ཀའི་དོ་དམ་བྱ་ཐབས》སོགས་ལམ་ལུགས་དང་ལམ་སྲོལ་37ཞིབ་འཇུག་བཟོ་འདོན་བྱས་ཡོད། ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལ་ཆེད་དོན་སྙན་ཞུ་18སྙན་འབུལ་ཞུས་ཤིང་། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་བཀའ་མཆན་ཐེངས་8ཐོབ་ཡོད།
—— རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ། “གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་ལ་བརྟག་ཞིབ་དུ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས“ངེས་པར་དུ་སྦྱོང་དགོས་པ་དྲུག”མཐའ་འཁྱོངས་བྱས་ཏེ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཙུའུ་ཡི་ཚོགས་འདུ་དང་། ཏང་ཙུའུ་ཡི་ཆེད་དོན་ཚོགས་འདུ། ཏང་ཙུའུ་ཡི་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་བཅས་ཐེངས་63འཚོགས་པའི་ཁར། ཆེད་དོན་ཟུར་ཁྲིད་སྤེལ་རེས་ཐེངས་12བྱས་པ་དང་། ཀྲི་པུའུ་25སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཚོགས་འདུ་དུས་ཐེངས་46དང་ཚོགས་ཐེངས་1150སྤེལ་དུ་བཅུག་ཡོད། སྤུས་ཚད་མཐོན་པོས་དུས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ནས་དུས་ཁག་གཉིས་པའི་ཁྲོད་སློབ་གསོའི་གྲུབ་འབྲས་བཟང་འཁྱོངས་ཐུབ་པར་སྐུལ་འདེད་བཏང་ཞིང་། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གིས་དམག་ཧྲག་གི་བླ་སྲོག་གཏོད་པ”སོགས་ཀྱི“བྱེད་སྒོ་གསུམ”ཏན་ཏིག་སྤེལ་ཏེ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གཅིག་སྡུད་ཐོག་དུས་ཡུན་ཉིན་7གྱི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། ཆེད་དོན་སློབ་སྦྱོང་གི་བགྲོ་གླེང་ཚོགས་འདུ་ཐེངས་6འཚོགས་ནས། བརྟག་ཞིབ་སྙན་ཞུ་38དང་ཆེད་དོན་སྙན་ཞུ་9གྲུབ་པ་མ་ཟད། བརྟག་ཞིབ་གྲུབ་འབྲས་11ལག་ལེན་བེད་སྤྱོད་ཐུབ་ནས་མངོན་གསལ་དོད་པའི་གནད་དོན་11ཐག་གཅོད་བྱས་ཡོད།
—— འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་བྱས་ནས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དུས་བཀག་ལྟར་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ཏེ། “མཉམ་བགྲོད་གསུམ”གྱི་རྩ་དོན་དོན་འཁྱོལ་བྱས་ནས་བོད་ལྗོངས་ཁྲིམས་ཁང་གི“གཏམ་རྒྱུད་ལྔ”ཡག་པོ་ཤོད་པ་དང་། “མི་བྱེད་པ་གསུམ”གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཆ་འཕྲིན་ཁྲི་1.71ཁྱབ་བསྒྲགས་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་ཁྲིམས་འཛིན་བྱ་ཐབས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་3གཉེར་ཡོད།
གཉིས། ལོ་འདིའི་ནང་ང་ཚོས་བརྟན་ལྷིང་གི“གྲུ་རྡོ”བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཞབས་ཞུ་འགན་ལེན་བྱས་ཡོད།
ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཉེས་དོན་གྱོད་གཞི་2619འདྲི་གཅོད་མཐའ་འདོམས་བྱས་པ་དེ་དུས་མཚུངས་ལས་15.61%འཕར་ཡོད།
—— རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱས་པ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཆེད་དམིགས་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ཆད་ནན་པོ་བཅད་ཡོད། དུས་དང་རྣམ་པ་ཀུན་ཏུ་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་ནས“རིགས་དགུའི”གྱོད་གཞི་59དང་མི་152ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད། ཙེང་ཆེ་གེ་མོས་ནག་ཚོགས་རྩ་འཛུགས་སུ་ཞུགས་པའི་ཉེས་པ་དང་། འཕྲོག་བཅོམ་གྱི་ཉེས་པ། རྒྱན་འགྱེད་ཀྱི་ཉེས་པ་བཅས་བསགས་པར། དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་བྱས་པ་དང་སྦྲགས་དངུལ་ཆད་སྒོར་ཁྲི་6བཅད་ཡོད། ཁྲིམས་བཞིན་ཉེས་གསོག་ལ་ཆད་པ་བཅད་ནས་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་ཕན་སྐུལ་གཏོང་བའི་ལྗོངས་ཡོངས་ཀྱི་ཟབ་སྦྱོང་འཛིན་གྲྭ་གཉེར་བ་དང་ཁག་དང་པོའི《རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་འདྲི་གཅོད་ཀྱི་དཔྱད་གཞིའི་གྱོད་དཔེ》10གཤམ་སྤེལ་བྱས་པ་མ་ཟད《རང་ལྗོངས་ཀྱི་2018ལོ་ནས་2022ལོའི་བར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་གནས་ཚུལ་སྐོར་གྱི་སྙན་ཞུ》སྙན་འབུལ་ཞུས་པ་རེད།
—— སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་བ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག》ལག་བསྟར་བྱས་ཏེ་རྐང་བཙུགས་ནས་མི་བསད་པ་དང་། རྐང་བཙུགས་ནས་རྨས་སྐྱོན་བཏང་བ། བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ། དུག་རྫས་སོགས་གཏུམ་སྤྱོད་ཉེས་གསོག་གི་གྱོད་གཞི་ཚབས་ཆེན་433དང་མི་559ལ་ཁྲིམས་ཆད་ནན་པོ་བཅད་ཡོད། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱས་ནས། དྲ་འཕྲིན་ཉེས་གསོག་ལ་རམ་འདེགས་བྱས་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་གྱོད་གཞི་111ལ་ཁྲིམས་ཆད་ནན་པོ་བཅད་པ། གྱོད་ཡ་ཙེང་ཆེ་གེ་མོ་དང་ཐང་ཆེ་གེ་མོ་སོགས་མི་8ཀྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་ལ་མ་དངུལ་གཏོང་སྤྲོད་མཇུག་རྩིས་རྒྱག་རོགས་བྱས་པར་བརྟེན། ཁྲིམས་བཞིན་རྡུང་རྡེག་ནན་པོ་བཏང་ནས་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད། 《རང་ལྗོངས་ཁྲིམས་ཁང་གིས་དྲ་འཕྲིན་ཉེས་གསོག་ལ་རམ་འདེགས་བྱས་པའི་གྱོད་གཞིར་འདྲི་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ》སྙན་འབུལ་ཞུས་ཡོད། མཉམ་སྡེབ་1དང་ཁྲིམས་དཔོན་1ལ་ཀྲུང་གོ་མི་དམངས་དངུལ་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་9ཡིས“བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཐད་གྲུབ་འབྲས་གཟེངས་ཐོན་མཉམ་སྡེབ་དང་མི་སྒེར”གྱི་མཚན་སྙན་སྤྲད་ཡོད། དཔེ་མཚོན་གྱོད་དཔེའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁག་དང་པོའི《ཉེན་ཁ་ཆེན་པོས་འཁོར་རིགས་བཏང་བའི་ཉེས་གསོག་གི་ཉེན་སྟོན་གྱོད་དཔེ》6ཡོངས་བསྒྲགས་བྱས་ཡོད།
(པར་ངོས་ལྔ་པར་གཟིགས)(པར་ངོས་གསུམ་པར་མཐུད) ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྱུར་མེད་ཟིལ་གནོན་མུ་མཐུད་མཐའ་འཁྱོངས་ཀྱིས་ལས་ཐོག་ཉེས་གསོག་གྱོད་གཞི་104དང་དེ་འབྲེལ་མི་110ལ་འདྲི་གཅོད་མཐའ་འདོམས་བྱས་པའི་ནང་ཐིང་རིམ་པའི་གྱོད་གཞི་17དང་དེ་འབྲེལ་མི་17ཡོད་པ་དང་རྫོང་ཁྲུའུ་རིམ་པའི་གྱོད་གཞི་16དང་དེ་འབྲེལ་མི་16ཡོད་ཅིང་། ལོ་གསུམ་ཡན་གྱི་དུས་བཀག་བཙོན་འཇུག་བྱས་པ་དེས་90%བཟུང་ཡོད། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་གཡང་རྒྱལ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པའི་ཁར། ཚེ་གང་གི་ཆབ་སྲིད་དབང་ཆ་བཙན་འཕྲོག་བྱས་པ་མ་ཟད་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་ཡོད། 《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་ཐོག་ཉེས་གསོག་གྱོད་གཞིར་འདྲི་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ》སྙན་འབུལ་ཞུས་ཡོད། གཏུག་འབྲེལ་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞིའི“མཛོད་བཤེར་མཐིལ་མཐོང”གི་ཆེད་དམིགས་བྱ་སྤྱོད་སྤེལ་ནས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་175གཉེར་སྒྲུབ་མཐའ་འདོམས་བྱས་པ་དང་། གཉེར་སྒྲུབ་མཐའ་འདོམས་བྱེད་ཚད་90.67%ཟིན་ཡོད། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གི་གཏུག་འབྲེལ་ཡིག་འབུལ་ཞུ་བཅར་ཐད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བྱ་རིམ་ཐོག་མ་དེ་སྤེལ་འགོ་བཙུགས་ནས། རོགས་སྐྱོབ་མ་དངུལ་སྒོར་ཁྲི་39གཏོང་སྤྲོད་བྱས་ཡོད། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་ལག་བསྟར་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་ཐེངས་2465སྤེལ་ནས། མང་ཚོགས་མི་ཐེངས་ཁྲི་78.37ལ་ཁྲིམས་ལུགས་ཁྱབ་གདལ་བཏང་ཡོད། ཆབ་མདོ་འབྲིང་རིམ་ཁྲིམས་ཁང་གིས“མངགས་ཐོ་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་བཏང་ནས“མངགས་ཐོ་དང་། བཏང་ཐོ། བླངས་ཐོ། དཔྱད་ཐོ”བཅས་གཅིག་འཐུས་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ལས་སྟེགས་ཤིག་བཏོད་པར་བརྟེན། ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་ལྗོངས་ཡོངས་ཀྱི་ཕུལ་བྱུང་གསར་གཏོད་གྱོད་དཔེའི་ཁོངས་སུ་དཔྱད་འདེམས་བྱས་པ་མ་ཟད་ཁྱབ་སྤེལ་ཡང་བཏང་ཡོད།
—— གཏུག་བཤེར་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང་”མཐའ་འཁྱོངས་དང་གོང་འཕེལ་བཏང་བའི་ཁར། “འབྱུང་རྩ་ནས་དམ་འཛིན་གྱིས་གནད་དོན་མི་ཐོན་པ་བྱ་རྒྱུར”སྣང་ཆེན་བྱས་ནས་ཁྲིམས་གཏུག་བྱེད་མི་དགོས་པར་རྩོད་རྙོག་འདུམ་པའི་ལམ་སྲོལ་སྔོན་ལ་ལག་ལེན་ཧུར་ཐག་བྱེད་པ་དང་། དུས་རབས་གསར་པའི“ཁྲིམས་ར་གཉིས”ཀྱིས“ལས་གཞི་ཆེན་པོ་དྲུག” འཛུགས་སྐྲུན་བྱེད་པ། གཏུག་བཤེར་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི“དམ་འཛིན་བྱེད་གནད་གསུམ”དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་གཅིག་འཐུས་རྣམ་པའི་སྣ་མང་རྩོད་སེལ་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པའི་ལྗོངས་ཡོངས་ཁྲིམས་ཁང་གི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ《དུས་རབས་གསར་པའི་མི་དམངས་ཁྲིམས་ར་དང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《“དབྱེ་འདུམ་ཁྲུན་ཞིབ”ཀྱི་ལམ་སྲོལ་སྒྱུར་བཅོས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》བཏོན་ནས། ཁྲིམས་འཛིན་གྱིས་ངོས་གཏན་བྱེད་པའི་གྱོད་གཞི་3651གཉེར་སྒྲུབ་མཐའ་འདོམས་བྱས་པ་དང་། འདུམ་ཁྲ་3235བཏོན་པ། གཏུག་འདུམ་འབྲེལ་མཐུད་ལྟེ་གནས་49དང་ཁྲིམས་རྩོད་པའི་འདུམ་འགྲིག་ཁང་48བཙུགས་པ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཚན་པ་989དང་འདུམ་འགྲིག་པ་1406ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་སུ་བཅའ་སྡོད་བྱེད་པར་སྐུལ་འདེད་བཏང་ཡོད། གཞི་རིམ་ཁྲིམས་ཁང་བརྒྱད་ཆ་གཅིག་ཙམ་གྱི་གྱོད་གཞིའི་གྲངས་འབོར་ཆག་འགྲོ་བའི་རྣམ་པ་མངོན་ཞིང་། ཆག་ཚད་མཐོ་ཤོས་37.1%ཡིན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་རང་རྟོགས་ངང་ཞུགས་ནས་ཁྲིམས་འཛིན་གྲོས་འཆར་236སྤེལ་ཡོད། སྣེ་གདོང་ཁྲིམས་ཁང་གི“མྱུར་བཞིའི”འདྲི་གཅོད་བྱེད་རྣམ་གྱི་ཉམས་མྱོང་དང་བྱེད་ཐབས་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁག་སོ་སོས་འཚོལ་བསྡུ་རྩོམ་སྒྲིག་བྱས་ཏེ་བརྒྱུད་འགྲེམས་བྱས་ཡོད། སྤོ་བོ་རྫོང་ཁྲིམས་ཁང་གི“བཀྲ་ཤིས་ཆོས་རྒྱལ”འདུམ་འགྲིག་ཁང་དེ་ཉིད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམིགས་བསལ་ཁྱད་ཆོས་ཆེ་ཤོས་ལྡན་པའི་གཅིག་འཐུས་རྣམ་པའི་བསྒྱུར་གཏོད་སྐྲུན་གསུམ་གྱི་གྲུབ་འབྲས་ཆེན་པོ་བཅུ་ཡི་གྲས་སུ་དཔྱད་འདེམས་བྱས་པ་རེད། 《སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་ཡབ་མདའ་ཁྲོམ་གཞུང་ལྟེ་གནས་ཀྱི་མི་དམངས་ཁྲིམས་རའི་ལམ་སྲོལ་ཁག་གསུམ་གྱི་ནང་གཏུག་བཤེར་འབྱུང་རྩ་ནས་བཅོས་སྐྱོང་བྱེད་རྣམ་གསར་པ་བཏོད་པ》ཞེས་པའི་གྱོད་དཔེ་དེ་ཆེས་མཐོའི་ཁྲིམས་ཁང་གི་གྱོད་དཔེ་ཕྱོགས་བསྒྲིགས་ནང་བཅུག་ཡོད། ནག་ཆུ་ཁྲིམས་ཁང་གིས“སྒོ་འགྲམ་ཁྲིམས་ར”དང“ཁྲིམས་ར་དང་ཁྲིམས་འཛིན་སོའོ་མཉམ་སྐྲུན”གྱི་གྲགས་རྟགས་ཡག་པོ་བཏོད་ནས་འདུམ་འགྲིག་དང་། གྱོད་དོན་ཐོ་འགོད། འདྲི་གཅོད། ལག་བསྟར། ཁྲིམས་ལུགས་དྲིལ་བསྒྲགས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་ཁྲིམས་འཛིན་ཞབས་ཞུའི་ལས་སྟེགས་འདོན་སྤྲོད་བྱས་པ་མ་ཟད། གྱོད་གཞི་991གཉེར་སྒྲུབ་བྱས་ཤིང་། འདུམ་འགྲིག་དང་ཞུ་གཏུག་ཕྱིར་འཐེན་བྱེད་ཚད་85%ཟིན་ཡོད། གཞིས་རྩེ་ཁྲིམས་ཁང་གིས་གྲོང་ཚོས(ཡུལ་མི་ཨུ་ལྷན)རྩོད་གཞི་སྔོན་འགོག་དང་། ལེབ་བཤེར། འདུམ་འགྲིག་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། “གཏུག་བཤེར་མེད་པའི་གྲོང་ཚོ(ཡུལ་་མི་ཨུ་ལྷན)”25རུ་དཔེ་སྟོན་ས་ཚིགས་འཛུགས་གཏོད་བྱས་ནས་སྔ་རྗེས་སུ་སྒོ་བྱང་བཀལ་ཡོད། རྣམ་གླིང་ཨེ་མ་ཁྲིམས་ཁང་གིས་གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུའི་ས་ཚིགས་ཧུར་ཐག་བཏོད་ནས་གྱོད་དོན་ཐོ་འགོད་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཞིབ་དཔྱོད། ཁྲིམས་འཛིན་སྲིད་འཛིན་བཅས་ཀྱི་ཞབས་ཞུའི་སྐར་ཁུང་4བཙུགས་ཏེ། སྣ་མང་རྩོད་སེལ་དང་གཏུག་བཤེར་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
—— ཁེ་དབང་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ། གྱོད་ཡ་དང་། གནོད་འཚེ་ཕོག་མཁན། དག་འབུད་བྱེད་མཁན་བཅས་ཀྱི་གཏུག་བཤེར་བྱེད་དབང་ཁག་འགན་སྲུང་གང་ལེགས་བྱས་ཏེ། མི་ཐེངས་617ལ་དམིགས་བཙུགས་དག་འབུད་བྱས་ཤིང་། ཚབས་ཆེའི་ཉེས་དོན་གྱོད་གཞིར་ཁྲིམས་རྩོད་པས་དག་འབུད་བྱེད་ཚད་100%ཟིན་ཡོད། གཟབ་ནན་གྱིས་ཁྲིམས་ལྟར་ཉེས་དོན་ཁྲིམས་ཆད་འོས་འཚམ་བཅད་ཅིང་། དུས་བཙོན་ལོ་གསུམ་མན་གྱི་ཉེས་དོན་ཁྲིམས་ཆད་བཅད་པ་དེས་73.69%བཟུང་ཡོད་ལ། མི་32ཡི་ཉེས་དོན་ཁྲིམས་ཆད་ཆག་ཡང་བཏང་བ་དང་། མི་3ལ་ཉེས་མེད་ཁྱབ་བསྒྲགས་བྱས་ཡོད། ཁྲིམས་ཆད་ཆག་ཡང་གྱོད་གཞིར་དངོས་སུ་འདྲི་ཞིབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་གནས་སྐབས་བཙོན་ཕྱིའི་ལག་བསྟར་བྱས་ནས། གྱོད་གཞི་904གཉེར་སྒྲུབ་བྱས་ཡོད།
གསུམ། ལོ་འདིའི་ནང་ང་ཚོས་གོང་འཕེལ་གྱི“ཕན་སྐུལ་གཏོང་ཆས”ཡག་པོ་ཞིག་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཞབས་འདེགས་ཞུས་ཡོད།
ལྗོངས་ཡོངས་ཁྲིམས་ཁང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དམངས་དོན་ཚོང་དོན་གྱི་གྱོད་གཞི་47031འདྲི་གཅོད་མཐའ་འདོམས་བྱས་པ་དེ་དུས་མཚུངས་ལས་35.59%འཕར་ཡོད། སྲིད་འཛིན་གྱོད་གཞི་288འདྲི་གཅོད་མཐའ་འདོམས་བྱས་པ་དེ་དུས་མཚུངས་ལས་41.18%འཕར་ཡོད། ལག་བསྟར་གྱོད་གཞི་31841གསར་དུ་བསྡུས་པའི་ནང་གྱོད་གཞི་31265ལག་བསྟར་མཐའ་འདོམས་བྱས་པར་མ་དངུལ་སྒོར་དུང་ཕྱུར་35.07དོན་སྨིན་བྱུང་ཡོད།
—— གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བར་ཞབས་འདེགས་ཞུས་པ། རང་སྟོབས་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་གནད་ལ་འཕིགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་ཞབས་ཞུ་བསྒྲུབས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སི་ཁྲོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཞབས་ཞུ་འགན་སྲུང་བྱེད་པའི་ཁྲིམས་འཛིན་རམ་འདེགས་གྲོས་མཐུན》ལ་མིང་རྟགས་བཀོད་ནས། ཁྲོན་བོད་ལྕགས་ལམ་གྱི་ཁྲིམས་འཛིན་འགན་སྲུང་དང་འདྲི་གཅོད་ལས་དོན་དེང་རབས་ཅན་དུ་འགྱུར་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐོག་མ་དེ་གཉེར་བ་མ་ཟད། 《ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཞབས་ཞུ་འགན་སྲུང་བྱེད་པའི་ཁྲིམས་འཛིན་སྒྱུར་བཅོས་ལག་ལེན་གྱི་གྱོད་དཔེ་ཐོག་མ》དང《ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཞབས་ཞུ་འགན་སྲུང་བྱེད་པའི་ཁྲིམས་འཛིན་གྱི་དཔེ་མཚོན་གྱོད་དཔེ་ཐོག་མ》གྲུབ་ཡོད། ཆབ་མདོ་ཁྲིམས་ཁང་གིས“ལྕགས་ལམ་སྐོར་སྐྱོད་ཁྲིམས་ར”བཙུགས་ནས་ལྕགས་ལམ་དང་འབྲེལ་བ་ཡོད་པའི་གྱོད་གཞི་60གཉེར་སྒྲུབ་བྱས་པ་མ་ཟད། ལག་བསྟར་མཐའ་འདོམས་བྱས་པའི་དངུལ་སྒོར་ཁྲི་589དོན་སྨིན་བྱུང་ཡོད། ཤེས་རིག་བདག་དབང་ལ་ཁྲིམས་འཛིན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་8དང་མཉམ་དུ་ཤེས་རིག་བདག་དབང་གི་རྩོད་གཞི་འདུམ་འགྲིག་བྱ་རྒྱུའི་སྣེ་ཁྲིད་ནས་ཁག་གཉིས་པའི《ཤེས་རིག་བདག་དབང་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་པའི་དཔེ་མཚོན་གྱོད་དཔེ》16ཁྱབ་བསྒྲགས་བྱས་པ་མ་ཟད། ཤེས་རིག་བདག་དབང་གི་གྱོད་གཞི་356འདྲི་ཞིབ་བྱས་ནས་ཀྲང་ཆེ་གེ་མོས་སྦི་རག་ག་གེ་མོའི་ཚོང་རྟགས་རྫུན་མ་ཐོ་བཀོད་བྱས་པའི་གྱོད་གཞིར་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་ཡོད། ཉེན་རྟོག་པ་3ལ་ཆེས་མཐོའི་ཁྲིམས་ཁང་གིས“ཤེས་རིག་བདག་དབང་འདྲི་གཅོད་ལས་ཀའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད། ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས《ཤེས་རིག་བདག་དབང་གི་མཉམ་སྒྲུབ་སྒྲོམ་གཞིའི་གྲོས་མཐུན》དང་། 《ཤེས་རིག་བདག་དབང་གི་རྩོད་གཞི་གཏུག་འདུམ་འབྲེལ་མཐུད་ལས་དོན་གྱི་ལག་བསྟར་བྱ་ཐབས》སོགས་ལ་མིང་རྟགས་བཀོད་ནས་ཤེས་རིག་བདག་དབང་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་དང་སྲིད་འཛིན་ཐོག་ནས་སྲུང་སྐྱོབ་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད། བུན་སྟོངས་གྱོད་གཞི་གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་ཁག་གི་ཁེ་དབང་སྲུང་སྐྱོབ་བྱས་ཏེ། ཁྲོམ་རའི་དྲང་གཞག་བདེན་སྐྱོང་ལ་ཁྲིམས་འཛིན་ཐོག་ནས་འགན་སྲུང་བྱས་ཤིང་། བུན་སྟོངས་གྱོད་གཞི་48འདྲི་གཅོད་མཐའ་འདོམས་བྱས་ཡོད། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས《ཁྲོམ་འགྲེམ་ཀུང་སི་བསྐྱར་སྒྲིག་གི་གྱོད་གཞིའི་འདྲི་གཅོད་ལས་དོན་སྤེལ་ཕྱོགས》བཟོས་ཏེ་དཀའ་ངལ་ཡོད་པའི་ཁེ་ལས་སྐྱོབ་གང་ཐུབ་བྱས་ཡོད། རིག་དངོས་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ《2018ལོའི་ཚུན་གྱི་རིག་དངོས་རྐུ་འཁྱེར་གྱོད་གཞིར་འདྲི་ཞིབ་བྱས་ཚུལ་སྐོར་གྱི་ལྗོངས་ཡོངས་ཁྲིམས་ཁང་གི་སྙན་ཞུ》སྙན་འབུལ་ཞུས་ཡོད།
—— ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རམ་འདེགས་བྱས་པ། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་ཞིང་། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་དང“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་བྱེད་ཐབས་22”དོན་འཁྱོལ་བྱས་ཏེ《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་བསམ་འཆར》དང《དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྩོད་གཞི་དྲ་ཐོག་ནས་གཏུག་འདུམ་འབྲེལ་མཐུད་བྱེད་པའི་ལམ་སྲོལ་གང་མགྱོགས་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་ཇུས་གཞི》བཟོ་འདོན་བྱས་པ་མ་ཟད། ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཇེ་མང་དུ་འགྲོ་བའི་གནས་ཚུལ་འོག འདྲི་རིམ་དང་པོར་ཆ་སྙོམས་ཉིན་79ལས་སྤྱད་མེད་པས་ཁྲིམས་བཀོད་འདྲི་གཅོད་ཀྱི་དུས་བཅད་ཉིན་180ལས་ཞེ་དྲག་ཉུང་བ་ཡོད། གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་བདུན་ལམ་ལུགས་ཀྱི་མཉམ་གྲོས་ཁྲིམས་ར་ཐོག་མ་དེ་སྤེལ་བ་མ་ཟད། ཨར་སྐྲུན་རྒྱུ་ཆ་དང་ནུས་རྒྱུ་ཀུང་སི་ག་གེ་མོས་འོད་ཤུགས་ཚན་རྩལ་ཀུང་སི་ཁྲིམས་ལ་གཏུགས་པའི་གན་རྒྱའི་རྩོད་གཞིའི་གྱོད་གཞིར་འདྲི་གཅོད་མཐའ་འདོམས་བྱས་པར་རྩོད་གཞིའི་དམིགས་བྱའི་དངུལ་སྒོར་དུང་ཕྱུར་5.94ཟིན་ཡོད། གྱོད་གཞི་མཐའ་འདོམས་དང་གནད་དོན་ཐག་གཅོད་བྱས་ཏེ་སྲིད་དར་ཞི་མཐུན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ར་མ་འཚོགས་གོང་ལ་འབྲེལ་གཏུག་སོགས་བྱེད་པའི་བྱ་ཐབས་སྤྱད་ནས། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་ཞུ་ལན་འདེབས་ཚད་90.3%ཟིན་ཡོད་པས། དུས་མཚུངས་དང་བསྡུར་ན་27.1%འཕར་ཡོད། ལྗོངས་ཁྲིམས་འཛིན་ཐིང་དང་མཉམ་འབྲེལ་ཐོག་སྲིད་འཛིན་གཏུག་བཤེར་གྱི“གཞུང་ཁང་མཉམ་ཞུགས”ཀྱི་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་ཐོག་མ་དེ་གཉེར་ནས་སྲིད་གཞུང་ལ《2022ལོའི་ལྗོངས་ཡོངས་ཀྱི་སྲིད་འཛིན་གྱོད་གཞིར་ཁྲིམས་འཛིན་ཞིབ་བཤེར་བྱས་པའི་ལོ་འཁོར་སྙན་ཞུ》དང་ཁག་དང་པོའི《སྲིད་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེ》8སྐྱེལ་སྤྲོད་བྱས་ཡོད། ཁྲིམས་འཛིན་ཆོད་སྡོམ་བྱེད་ཡུན་རིང་བ་དང་། མ་གནས་མཐོ་བ། ཁུལ་ཁོངས་བརྒལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས《མི་དམངས་ཁྲིམས་ཁང་གི་གཏུག་བཤེར་མ་གནས་དྲ་རྒྱའི》ཐོག་ས་གནས་དེ་གར་མངག་བཅོལ་ཆོག་པའི་ཆེད་སྡོམ་དཔྱད་དཔོག་ལས་ཁུངས་42གསར་སྣོན་བྱས་ཡོད། ཁག་དང་པོའི《ལག་བསྟར་དཔེ་མཚོན་གྱོད་དཔེ》10གཤམ་སྤེལ་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་སྡོད་ཁང་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་གྱིས་ཁག་སོ་སོར་ལག་བསྟར་མཉམ་འགུལ་ལམ་སྲོལ་བཙུགས་པ་མ་ཟད། སྤྱི་བདེ་ཐིང་དང་མཉམ་དུ“ལག་བསྟར་མཉམ་འགུལ་གཞུང་ལས་ཁང”མིང་སྦྱར་འཛུགས་གཉེར་བྱས་ཡོད། 《གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་ལས་དོན་མཐུན་སྦྱོར་ངང་གཉེར་སྒྲུབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོ་འདོན་བྱས་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“བརྒྱ་གཉིས”ཀྱི་གསོག་ཐེབས་གྱོད་གཞི་གཙང་སེལ་བྱེད་པའི་ཆེད་དམིགས་བྱེད་སྒོ་སྤེལ་ནས་ཡུན་རིང་ལག་བསྟར་མཐའ་འདོམས་མི་ཐུབ་པ་དང་ལག་བསྟར་མི་ཐུབ་པའི་གྱོད་གཞི་590གཙང་སེལ་བྱས་ཡོད། མི་ཆོས་དང་མཐུན་པའི་ལག་བསྟར་འདུ་ཤེས་བཟུང་ནས་ས་གནས་གྲོང་ཁྱེར་མང་པོ་དང་འབྲེལ་བ་ཡོད་ལ་མི་མང་པོར་ཁྱབ་པའི་ཀུང་སི་ག་གེ་མོའི་ལག་བསྟར་གྱོད་གཞི་རབ་དང་རིམ་པར་ཐག་གཅོད་འོས་འཚམ་བྱས་ཤིང་། གྱོད་ཐག་བཅད་པའི་དམིགས་བྱའི་དངུལ་སྒོར་ཁྲི་2494.31ཟིན་ཡོད། ལྷ་ས་ཁྲིམས་ཁང་གིས“གཞུང་ཁོངས་རྒྱུ་ནོར་གཙང་བཤེར”དང་། “ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཞབས་ཞུ་སྒྲུབ་པ”སོགས་ཀྱི་ལག་བསྟར་ཆེད་དམིགས་བྱ་སྤྱོད་སྤེལ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་4628ལག་བསྟར་མཐའ་འདོམས་བྱས་པ་དང་ལག་བསྟར་ཐུབ་པའི་དངུལ་གྲངས་སྒོར་དུང་ཕྱུར་8.51ཟིན་ཡོད། ཐོག་མར་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་དང་མཉམ་དུ“315”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་སྲུང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད།
—— མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། “རང་ཉིད་ཁྲིམས་ལ་གཏུགས་པ་ལྟ་བུའི་རང་གཞན་བརྗེ་བའི”འདུ་ཤེས་བརྟན་པོར་བཙུགས་ནས། 《བོད་ལྗོངས་ཁྲིམས་ཁང་གི་2023ལོའི་མི་ལུས་གོད་ཆག་གི་གུན་གསབ་རྩིས་རྒྱག་ཚད་གཞི》བཟོ་འདོན་བྱས་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་12137ལ་ཁྲིམས་བཞིན་འདྲི་ཞིབ་བྱས་ཡོད། ལྷ་ས་ཁྲིམས་ཁང་གིས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། སྨན་ཁང་། འགན་བཅོལ་ཀུང་སི་བཅས་དང་མཉམ་དུ་མཉམ་འབྲེལ་ལམ་སྲོལ་བཙུགས་ཏེ། སྨན་བཅོས་རྩོད་གཞི་འོས་འཚམ་ཐག་གཅོད་བྱས་ཡོད། མང་ཚོགས་ལས་མིའི་གླ་ཆ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཐོ་འགོད་དང་། འདྲི་ཞིབ། ལག་བསྟར་བཅས་བྱེད་པའི་ཤར་གཏོང་བགྲོད་ལམ་བཙུགས་ཏེ། རྐང་བཙུགས་ནས་གླ་ཆ་མི་སྤྲོད་པའི་རིགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས། གྱོད་གཞི་729འདྲི་གཅོད་མཐའ་འདོམས་བྱས་པ་དང་། གླ་ཆ་སྒོར་ཁྲི་3568.2འདེད་ལེན་ཐུབ་ནས། མང་ཚོགས་ལས་མིར་གླ་ཆ་མི་རག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་6དང་མཉམ་དུ《གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་འགོག་སེལ་བྱེད་པའི་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ》བཟོས་ནས་གཉེན་སྒྲིག་ཁྱིམ་ཚང་དང་བསྙེན་བཀུར་གསོ་རྟེན་སོགས་ཀྱི་གྱོད་གཞི་3539འདྲི་གཅོད་མཐའ་འདོམས་བྱས་ཡོད། མི་ལུས་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་བཀའ་རྒྱ་27བཏང་ནས་ཁྱིམ་ཚང་གཏུམ་སྤྱོད་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད། བསམ་གྲུབ་རྩེ་དང་། རྩ་མདའ། འཇོ་མདའ་བཅས་ཀྱི་ཁྲིམས་ཁང་ལ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་གནང་ཡོད། མངའ་རིས་ཁྲིམས་ཁང་གིས“ཞང་ཞུང་མེ་ཏོག”ཞེས་པའི་བུད་མེད་ཁྲིམས་དཔོན་གྱི་ཁེ་དབང་སྲུང་སྐྱོང་ས་ཚིགས་དང་མཚོ་ཆེན་འདུམ་འགྲིག་ཚོགས་པ་སོགས་བཙུགས་ནས། གྱོད་གཞི་311གཉེར་སྒྲུབ་བྱས་ཡོད། 《ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་ཤུགས་སྣོན་དང་དེ་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོ་རྒྱུར་གཞོགས་འདེགས་བྱས་ཡོད་ལ། ཁྲིམས་འཛིན་རོགས་སྐྱོབ་སྲོལ་ཡིག་གི་ཁྲིམས་འཛུགས་འཆར་གཞི་ཡིག་ཐོག་ནས་སྙན་སེང་ཞུས་ཡོད། རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་8དང་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་257གཉེར་སྒྲུབ་མཐའ་འདོམས་བྱས་པ་དང་། ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་594.37སྤྲད་ཡོད། དངུལ་མེད་ཀྱང་རྩོད་གཞི་གཏུག་བཤེར་ཐུབ་རྒྱུ་མཐའ་འཁྱོངས་ཀྱིས་གཏུག་བཤེར་གྲོན་དངུལ་སྒོར་ཁྲི་128.02ཆག་ཡང་ངམ་རྩ་ཆག་བཏང་ཡོད། མང་ཚོགས“ཕར་འགྲོ་ཚུར་རྒྱུག་བྱེད་མ་དགོས་པར”དྲ་ཐོག་ནས་གྱོད་གཞི་7658ཐོ་འགོད་བྱས་པ་དང་། གྱོད་གཞི་19274འདུམ་འགྲིག་བྱས་ཡོད། གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་12368བརྒྱུད་མི་ཐེངས་ཁྲི་6.9ཙམ་གྱི་ཁ་པར་ཉན་ནས་ལན་འདེབས་བྱས་པ་མ་ཟད་གནད་དོན་ཐག་གཅོད་བྱས་ཡོད།
བཞི། ལོ་འདིའི་ནང་ང་ཚོས་ཐུན་མོང་ཐོག་སྐྱེ་ཁམས་བདེ་འཇགས“སྲུང་མཁན”བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཞབས་འདེགས་ཞུས་ཡོད།
ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་183ཁྲིམས་ལྟར་འདྲི་གཅོད་མཐའ་འདོམས་ནུས་ལྡན་བྱས་ཡོད།
—— འབྱུང་རྩ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དོན་འཁྱོལ་བྱས་ཤིང་། ཞིབ་དཔྱོད་ཁང་དང་། རང་བྱུང་ཐོན་ཁུངས། ཆུ་བེད་བཅས་སྡེ་ཚན་དང་མཉམ་འབྲེལ་ཐོག《སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པའི་མཉམ་སྒྲུབ་ལམ་སྲོལ》དང་《ས་ཆ་གཏེར་རྫས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་གྱི་ཕན་ཚུན་འབྲེལ་མཐུད་བྱ་ཐབས》 《ཆུ་བེད་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱེད་པའི་ལག་བསྟར་ཞིབ་སྲོལ》བཅས་ཁག་སོ་སོར་བཟོ་འདོན་བྱས་པ་མ་ཟད 《ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ》སྙན་འབུལ་ཞུས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་སོགས་ཀྱི་མཐོ་རིམ་ཁྲིམས་ཁང་10དང་མཉམ་དུ《རྒྱལ་ཁབ་སྤྱི་གླིང་ལ་ཁྲིམས་འཛིན་སྲུབ་སྐྱོང་བྱེད་པའི་མཉམ་སྒྲུབ་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་ནས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་ཆུ་ཚད་མཐོ་བའི་ཁྲིམས་འཛིན་སྲུང་སྐྱོང་བྱེད་པའི་མ་ལག་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད། རིམ་གསུམ་ཁྲིམས་ཁང་གི་ཡོན་ཀྲང་གིས“ནགས་དཔོན”དང“ཆུ་དཔོན”གྱི་འགན་བཞེས་ཏེ། རང་རྟོགས་ངང་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ནས་ནགས་ཚལ་དང་གཙང་པོ་མཚེའུ་ལ་སྐོར་ཞིབ་ཐེངས་220ཙམ་བྱས་ཡོད།
—— ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཁོར་ཡུག་ཐོན་ཁུངས་ཐད་ཀྱི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་གསུམ་གཞི་གཅིག་ཏུ་འདུས་པའི་འདྲི་གཅོད་ཚོགས་པ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་དྲ་བ་ཚགས་དམ་དུ་བཏང་ཡོད། འཇམ་སྣུམ་དང་སོ་འཁོར་སྣུམ་ཀྲོན་33འཛགས་ནས་ས་ཞིང་སྨི་ངོས་གྲུ་650ལ་བཙོག་སྐྱོན་བཏང་བའི་ཁྲེན་ཆེ་གེ་མོའི་གྱོད་གཞིར་ཁྲིམས་ལྟར་འདྲི་གཅོད་བྱས་ནས། དོན་རྐྱེན་བྱུང་ས་དང་སྙིགས་རོ་གཙང་སེལ་གྱི་ཐག་གཅོད་འགྲོ་གྲོན་སྒོར་ཁྲི་11.79སྤྲོད་འགན་འཁུར་རྒྱུའི་ཁྲིམས་ཐག་བཅད་ཡོད། ཉིང་ཁྲི་ཁྲིམས་ཁང་གིས་ཞིབ་དཔྱོད་དང་། སྤྱི་བདེ། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཚན་དང་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གསབ་འཛུགས་སྔོ་འགྱུར་དང་། སྐྱེ་འཕེལ་ལེགས་བཅོས། ངལ་ནུས་ཚབ་འཇལ་སོགས་ཚབ་བྱེད་རང་བཞིན་གྱི་སླར་གསོ་བྱེད་སྟངས་གང་ལ་གང་འཚམ་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་སླར་གསོ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེའི་ཆེད་དོན་ཨུ་ལྷན་ལ་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་ཡོད། གཞུང་ཁོངས་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་ཞབས་འདེགས་ཞུས་ཏེ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་ཞབས་ཞུ་འགན་སྲུང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ལྷ་སའི་རིམ་གཉིས་ཁྲིམས་ཁང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་དང་འབྲེལ་བ་ཡོད་པའི་རྩོད་གཞིའི་གྱོད་གཞི་110འདྲི་གཅོད་མཐའ་འདོམས་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་། ལག་བསྟར་ཐུབ་པའི་དངུལ་གྲངས་སྒོར་ཁྲི་2020ཟིན་ཡོད། ཁྲེང་ཀོན་ཁྲིམས་ཁང་ལ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའུ་ཡིས་ལྷོ་བྱང་རི་བོ་སྔོ་འགྱུར་གྱི་སྔོན་ཐོན་ཚན་པའི་མཚན་སྙན་སྤྲད་ཡོད། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་གྱོད་དཔེ་2ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ》ཕྱོགས་བསྒྲིགས་ནང་བཅུག་ཡོད།
—— སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》སོགས་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་ཐེངས་180སྒྲིག་འཛུགས་བྱས་ཤིང་། མང་ཚོགས་མི་ཐེངས་ཁྲི་4.8ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ཁག་གཉིས་པའི《ཁོར་ཡུག་ཐོན་ཁུངས་ཀྱི་དཔེ་མཚོན་གྱོད་དཔེ》15ཡོངས་བསྒྲགས་བྱས་ཡོད།
(པར་ངོས་དྲུག་པར་གཟིགས)(པར་ངོས་ལྔ་པར་མཐུད)
ལྔ། ལོ་འདིའི་ནང་། ང་ཚོས་མཐའ་མཚམས་སྟོབས་ཆེར་གཏོང་བའི“སྣ་འདུས་ཐབས་བཟང”གང་ལེགས་སྤྱད་དེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཞབས་ཞུ་འགན་ལེན་བྱས་ཡོད།
ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་མཐའ་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་མཐའ་སྲུང་འཛུགས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་མཐའ་མཚམས་རྫོང་གི་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་ཁག་8291ཐག་གཅོད་བྱས་ཡོད།
—— གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། མ་དངུལ་མཐའ་མཚམས་སུ་གཏོང་བ་དང་། མི་སྣ་མཐའ་མཚམས་སུ་སྐྱོད་པ། སྲིད་ཇུས་མཐའ་མཚམས་སུ་གཟིགས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་ཁྲི་7193བཏང་སྟེ། མཐའ་མཚམས་ཁྲིམས་རའི་རྨང་གཞིའི་སྒྲིག་བཀོད་དང་། མི་སྣ་བགོ་སྒྲིག དེ་བཞིན་ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་སྒོ་གཉེར་སྒྲུབ་ཀྱི་འཁོར་རྒྱུག་གྲོན་དངུལ་གང་དགོས་ཆ་ཚང་འགན་སྲུང་ཐུབ་ཡོད།
—— རང་འགུལ་ངང་མཐའ་མཚམས་བཅོས་སྐྱོང་ལ་ཞབས་འདེགས་ཞུས་པ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་། དེ་བཞིན་སྐྱིད་གྲོང་དང་། འདྲེན་ཐང་། རི་འོག་སོགས་ཀྱི་འགག་སྒོར་སྐོར་སྐྱོད་འདྲི་གཅོད་ས་ཚིགས་བཙུགས་ནས་ཞིང་འབྲེལ་རྩོད་གཞི་དང་། མཐའ་མཚམས་ཚོང་དོན་དང་འབྲེལ་བའི་རྩོད་གཞི་ཐོ་འགོད་དང་། འདྲི་ཞིབ། ལག་བསྟར་བཅས་བྱེད་པའི“ཐོགས་མེད་བགྲོད་ལམ”བཏོད་ཡོད། སྐྱིད་གྲོང་ཁྲིམས་ཁང་གིས་ནེ་པ་ལའི་ཚོང་དུད་ཀྱི་འཐུས་མི་ཆེད་མངགས་གདན་དྲངས་ནས་བཞུགས་མོལ་བགྲོ་གླེང་བྱས་ཏེ་མཐའ་མཚམས་ཀྱི་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་ཡོད།
—— རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ། དུས་རབས་གསར་པའི་དམག་འབྲེལ་ཁེ་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཝུའུ་ལུའུ་མུའུ་ཆི་དམག་དོན་ཁྲིམས་ཁང་དང་དམག་འབྲེལ་ཁེ་སྲུང་མཉམ་ལས་ལམ་སྲོལ་བཙུགས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཐུན་མོང་ཐོག་ཕན་སྐུལ་བཏང་ཡོད། གཞིས་རྩེ་ཁྲིམས་ཁང་གིས《དམག་འབྲེལ་གྱོད་གཞི་འདྲི་གཅོད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ》བཏོན་པ་དེར་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཀྱིས་གདེང་འཇོག་ཡག་པོ་གནང་ཡོད། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་གཞི་རིམ་ཁྲིམས་ཁང་དང་མི་དམངས་ཁྲིམས་ར་39ཡིས་བཅའ་སྡོད་དཔུང་སྡེ་དང་བསམ་སྤྱོད་གཅིག་མཐུན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ཡོད།
དྲུག ལོ་འདིའི་ནང་། ང་ཚོས་དཔུང་ཁག་འཛུགས་སྐྱོང་གི“གདོང་དམག”བརྩོན་ལེན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ཁྲིམས་ཁང་གི་དམག་ཧྲག་ཅིག་གཏོད་གང་ཐུབ་བྱས་ཡོད།
ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་མཐའ་འཁྱོངས་བྱས་ནས། བྱང་ཚད་མཐོ་བའི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་དཔུང་ཁག་ཅིག་གཏོད་གང་ཐུབ་བྱས་ཡོད།
—— ཆེད་ལས་ཀྱི་ནུས་པ་ཆེ་རུ་བཏང་བ། ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་བྱང་ཚད། ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་བཅས་མཐོ་རུ་གཏོང་བར་དངོས་སུ་དམ་འཛིན་བྱས་ནས“འཇོན་ནུས་བརྒྱད”ཆེ་རུ་ནུས་ལྡན་བཏང་སྟེ། ཁྲིམས་ཁང་གི་འཆད་སྟེགས་དང་། གཞོན་ནུའི་གླེང་སྟེགས། ལས་སྒོའི་ཟབ་སྦྱོང་འཛིན་གྲྭ་སོགས་དུས་ཐེངས་343གཉེར་ཡོད་ལ། འདུལ་སྦྱོང་དང་ཟབ་སྦྱོང་སོགས་ཐེངས་65སྒྲིག་འཛུགས་བྱས་ནས་མི་ཐེངས་3700ལྷག་ཙམ་ཞུགས་སུ་བཅུག་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་བྱས་ནས། “སློབ་སྦྱོང་རྣམ་པའི་ལས་ཁུངས། རིག་དཔལ་དར་བའི་ཁྲིམས་ཁང”གི་འཛུགས་གཏོད་བྱེད་སྒོ་ཧུར་ཐག་སྤེལ་ནས། དཔའ་བོ་དང་དཔེ་བཟང་ཅན་གྱི་རིག་གནས་ཁྱམས་རིང་བསྐྲུན་པའི་ཁར། ལྗོངས་ཁྲིམས་ཁང་གི“རྒྱ་སྲང་བུམ་པའི”སྐྱེས་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་ཐོག་མ་དེ་སྤེལ་ཡོད། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི《མཐོ་སྒང་གི་ལག་བསྟར་ལམ་བུ》ཞེས་པའི་གློག་བརྙན་ཐུང་གྲས་ལ་རྒྱལ་ཡོངས་ཁྲིམས་ཁང་གི་སྐབས་བཅུ་པའི“གསེར་གྱི་ཁྲིམས་དབྱུག”གི་ཕུལ་བྱུང་བྱ་དགའ་ཐོབ་ཡོད། ཁྲིམས་ཁང་གི“ཡིག་རིགས་གཉིས་དང་ཁྲིམས་ར་ཚོགས་པའི”དཔྱད་འདེམས་བྱེད་སྒོ་སྐབས་དང་པོ་སྤེལ་ཏེ། ཁྲུན་གཅོད་ཡིག་རིགས་15དང་། ཁྲིམས་འཛིན་གྲོས་འཆར་4 ཁྲིམས་ར་ཚོགས་ཐེངས་5བཅས་ཕུལ་བྱུང་དུ་དཔྱད་འདེམས་བྱས་ཡོད། ལྷ་ས་འབྲིང་རིམ་ཁྲིམས་ཁང་དང་ཆབ་མདོ་འབྲིང་རིམ་ཁྲིམས་ཁང་གིས་ཁག་སོ་སོར་གྱོད་གཞི་གཅིག་གི་ཁྲིམས་ར་ཚོགས་པ་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཁྲིམས་ཁང་གི“ཕུལ་བྱུང་གི་ཁྲིམས་ར་ཚོགས་པ་བརྒྱ་ཐམ་པའི”གྲས་སུ་བདམས་ཐོན་བྱུང་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལས་བྱེད་རྒན་གྲས་ཀྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་ཞབས་ཞུ་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་མཉམ་སྡེབ་25དང་མི་སྒེར་29ལ་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་ཐོབ་ཡོད། སྦྲ་ཆེན་ཁྲིམས་ཁང་གི་ཁྲིམས་ལུགས་ཉེན་རྟོག་པ་གཅིག་ལ་ཀྲུང་གོ་མཉམ་འབྲེལ་གཞུང་ལས་ཁང་གིས་བརྒྱུད་བསྐུར་བྱས་པའི་ཤང་ཀང་ཡུལ་མིའི་ཐུགས་རྗེ་ཞུ་ཡིག་འབྱོར་ཡོད། ཉིང་ཁྲི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་སྡེ་ཚོགས་ཀྲུང་དབྱང་གིས“སྐར་རིམ་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་གཞོན་ནུའི་མཚན་རྟགས”སྤྲད་ཡོད།
—— སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱས་པ། རྒྱུ་ནོར་གྱི་སྤྱི་འདོམས་སྒྱུར་བཅོས་ལ་རིམ་ལྡན་སྐུལ་འདེད་བཏང་ནས། འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་དང་འཐབ་ས་དང་པོའི་ཁྲིམས་རར་མ་དངུལ་90%སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས“བློ་རིག་ཁྲིམས་ཁང” དུས་ཐེངས་གཉིས་པ་དང་། གཏུག་བཤེར་ཞབས་ཞུའི་ལྟེ་གནས། མི་དམངས་ཁྲིམས་རའི་བསྐྱར་བཟོ་རྒྱས་སྐྲུན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ“ཁྲིམས་དོན་ལན་འདེབས་དྲ་རྒྱ”དང་གྱོད་དཔེ་ཉར་མཛོད་འཛུགས་གཉེར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་དག་བྱས་ཏེ་ཡོན་ཀྲང་དང་དིང་ཀྲང་གིས་འདྲི་གཅོད་ལྟ་སྐུལ་གྱི་འགན་འཁྲི་ནན་པོ་དཀྲིས་ཐོག ཡོན་ཀྲང་དང་དིང་ཀྲང་གིས་གྱོད་གཞི་ཁག་29118ཐག་གཅོད་བྱས་ཤིང་། ཆ་སྙོམས་མི་རེས་གྱོད་གཞི་90.51ཐག་གཅོད་བྱས་པར། དུས་མཚུངས་དང་བསྡུར་ན་26.37%འཕར་བ་དང་། སྒྲུབ་ཡུན་ཉིན་64.51ལས་འགོར་མེད་པས། ལོ་གོང་མ་དང་བསྡུར་ན་ཉིན་12.91ཉུང་དུ་སོང་ཡོད། “ཆ་དྲུག་ཟུང་འབྲེལ”བྱེད་པའི་བོད་སྐྱོར་རྣམ་པ་མཐའ་འཁྱོངས་བྱས་ཏེ། ཁ་གཏད་རོགས་སྐྱོར་ཁྲིམས་ཁང་གིས་བོད་དུ་བརྟག་ཞིབ་ཐེངས་18བྱས་ནས་འབྲིང་རིམ་དང་གཞི་རིམ་མི་དམངས་ཁྲིམས་ཁང་ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2589དོན་འཁྱོལ་བྱས་ཡོད། འབྲིང་རིམ་མི་དམངས་ཁྲིམས་ཁང་ཁག་གིས“མཇལ་སློག་མཚམས་ཞུ”ཧུར་ཐག་བྱས་ནས་མི་རྒྱུ་དངོས་རིག་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། མི་ཐེངས་184གྲོང་ཚོར་བཅའ་སྡོད་དུ་བཏང་བ་མ་ཟད། མི་ཐེངས་76“ཧྲུའུ་ཅི་དང་པོའི”འགན་འཁུར་དུ་བཅུག་ཡོད། གྲོང་ཚོར་བཅའ་སྡོད་ལྗོངས་མཐོ་རིམ་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྫོང་8ཀྱི་སློབ་གྲྭ་10ལ་རིག་ནུས་རོལ་དབྱངས་ཀྱི་སློབ་སྐྱོར་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད།
—— སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་དང་། “ལྔ་བལྟ་ལྔ་བཅོས”ཀྱི་ལས་དོན་ཏན་ཏིག་སྤེལ་ནས། 《སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་དོན་སྤེལ་ཐབས》དང《སྲིད་གཙང་ཉམས་ཉེན་འགོག་ཟོན་བྱ་ཐབས་ཀྱི་གསལ་ཐོ》བཟོས་ཡོད། ལས་བྱེད་ཉེན་རྟོག་པས“དེ་མ་ཐག་གསུམ”བྱེད་ཐུབ་པ་བྱས་ནས“ལེགས་ཆ་གསུམ་དང་ནན་པ་གཅིག”ལྡན་པའི་བོད་ལྗོངས་ཁྲིམས་ཁང་གི་དཔུང་ཁག་གཏོད་རྒྱུར་འབད་བརྩོན་བྱས་ཡོད། ལྷ་ས་དང་གཞིས་རྩེའི་རིམ་གཉིས་ཁྲིམས་ཁང་ལ་ཁྲིམས་འཛིན་སྐོར་ཞིབ་དང་འདྲི་དོན་ལྟ་ཞིབ་བྱས་ཤིང་། “གཏན་འབེབས་གསུམ”གྱི་ཆ་འཕྲིན་ཁྲི་4.3ལྷག་ཙམ་བཀོད་འབུལ་བྱས་ཡོད།
—— ལྟ་སྐུལ་འབྲེལ་གཏུག་བྱ་ཐབས་ཞིབ་ཚགས་སུ་བཏང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཏེ་འཐུས་མི་དང་ཨུ་ཡོན་མི་ཐེངས་1400ཁྲིམས་ཁང་ལ་གཟིགས་ཞིབ་ཏུ་གདན་འདྲེན་ཞུས་པ་དང་། མི་ཐེངས་2600ཡིས་ཁྲིམས་རར་ཟུར་ཉན་བྱས་ཡོད། 《དམིགས་བསལ་གདན་ཞུས་ལྟ་སྐུལ་པའི་ལས་དོན་སྤེལ་ཐབས》བཟོས་ནས་ལྟ་སྐུལ་པ་36གདན་བསྐོ་བྱས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ལྟ་སྐུལ་འབྲེལ་གཏུག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས》བཟོས་ཏེ། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་བསྒྲུབ་སྤྲོད་བྱ་རྒྱུའི་ཚོགས་འདུ་འཚོགས་ནས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་66ཡོད་པ་དེ་དག་རེ་རེ་བཞིན་རྩིས་སྤྲོད་དོན་འཁྱོལ་བྱས་ཡོད། དུས་ཁག་གཉིས་སུ་ཕྱེ་སྟེ། “‘འཛུགས་གཏོད་བཞི’ལ་ཞབས་ཞུ་བསྒྲུབས་པར་བདེན་དཔང་བྱེད་ཅེས་པའི—འཐུས་མི་དང་ཨུ་ཡོན་གྱི་ཁྲིམས་ཁང་གཟིགས་ཞིབ་ཉིན་མོའི”བྱེད་སྒོ་སྤེལ་ནས། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་40ཡིས་ས་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་རེད། རང་འགུལ་ངང་མངག་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ལ་ལས་དོན་ཐེངས་45སྙན་སེང་ཞུས་ཤིང་། ཆེད་དོན་ཉེན་ཟོན་སློབ་གསོའི་ཟུར་ཁྲིད་བྱེད་སྒོ་སྤེལ་ཡོད། ལྗོངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ《བོད་ལྗོངས་ཁྲིམས་ཁང་གིས་རང་འགུལ་ངང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་བའི་བསམ་འཆར་འགའ》བཟོ་འདོན་བྱས་པ་མ་ཟད། རྒོལ་གཏུག་གྱོད་གཞི་21གཉེར་སྒྲུབ་བྱས་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞིབ་དཔྱོད་ཀྲང་ཚོགས་འདུར་ཟུར་ཞུགས་སུ་ཐེངས་119གདན་འདྲེན་ཞུས་ཡོད།
འཐུས་མི་རྣམ་པ། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་ཐོབ་པའི་གྲུབ་འབྲས་དང་ཡར་རྒྱས་དེ་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བའི་འབྲས་བུ་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། རང་སྐྱོང་ལྗོངས་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་པའི་འབྲས་བུའང་ཡིན། ལོ་གཅིག་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་ཁྲིམས་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མ་ཟད། རྩ་ཆེའི་དགོངས་འཆར་དང་གྲོས་འགོ་མང་པོ་ཞིག་བཏོན་གནང་ནས། ང་ཚོའི་དཀའ་ངལ་དང་གནད་དོན་མང་དག་ཅིག་སེལ་རོགས་གནང་བྱུང་། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་གི་ཚབ་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམ་པ། དེ་བཞིན་རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ། ཏང་ཕྱིའི་མི་སྣ་བཅས་དང་། སྤུན་ཟླའི་སྲིད་ཁྲིམས་ལས་ཁུངས་དང་། བོད་སྐྱོར་ལས་བྱེད་པ། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁྲིམས་རྩོད་པ། སྨྱན་སྦྱོར་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་དང་དུས་མཚུངས། ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ཐད་ད་དུང་གནད་དོན་དང་དཀའ་ངལ་ཁག་གཅིག་ཡོད་པར་ངོས་འཛིན་ཐུབ་དགོས་པ་སྟེ། གྱོད་གཞི་འདྲི་གཅོད་ཀྱི་སྤུས་ཚད་དང་། ལས་ཕྱོད། ཕན་འབྲས་བཅས་སྔར་བས་མཐོ་རུ་གཏོང་དགོས་པ་དང་། “འཛུགས་གཏོད་བཞིར”རང་འགུལ་ངང་ཞབས་ཞུ་སྒྲུབ་པའི་ཐབས་ལམ་སྔར་བས་ཞིབ་ཚགས་སུ་གཏོང་དགོས་པ། གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནང་རང་རྟོགས་ངང་ཞུགས་རྒྱ་དང་ཞུགས་ཐབས་སྔར་བས་ཆེ་རུ་གཏོང་དགོས་པ། ཏང་ཙུའུ་ཡིས་ཕྱོགས་ཡོངས་ལ་སྤྱི་འདོམས་བྱེད་པའི་ནུས་པ་དང་ལས་བྱེད་ཉེན་རྟོག་པའི་སྤྱི་ཡོངས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་བཅས་ཡིན། ང་ཚོས་ཆོད་སེམས་དང་བློ་སྟོབས་སྔར་བས་བརྟན་པ་དང་། བྱ་ཐབས་དང་ཐབས་ལམ་སྔར་བས་ནུས་ལྡན་སྤྱད་དེ་དཀའ་ངལ་དང་གནད་དོན་དེ་དག་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་སྔར་རྒྱུན་བཞིན་ཁྲིམས་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།
2024ལོའི་ལས་ཀའི་འཆར་གཞི།
འཐུས་མི་རྣམ་པ། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པ་མ་ཟད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཏུ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། དེར་བརྟེན་དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཧ་ཅང་ལྕི་ལ་ལས་འགན་དེ་བས་གཟི་བརྗིད་ལྡན་པ་ཞིག་རེད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་བཅས་ཀྱི་ཐོག་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ཀྱིས་དྲང་བདེན་དང་དྲང་གཞག་ཚོར་ཐུབ་པ་བྱ་རྒྱུའི”དམིགས་ཚད་དམ་པོར་བཟུང་སྟེ། འདྲི་གཅོད་ཀྱི་སྤུས་ཚད་དང་། ལས་ཕྱོད། གྲུབ་འབྲས་བཅས་གོང་མཐོར་བཏང་ཁར། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏན་ཏིག་ཏིག་ངང་སྤེལ་ཐོག ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྔར་བས་འབད་བརྩོན་བྱ་རྒྱུ་ཡིན།
གཅིག ཏང་གི་འགོ་ཁྲིད་གཙང་བཙན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ“རྐང” དང“བླ་སྲོག”ལྟ་བུར་བརྩིས་ནས། ཁྲིམས་ཁང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་མཐའ་ཀུན་ཏུ་ཁྱབ་ཐུབ་པར་བྱས་ཏེ། “ཆབ་སྲིད་ཐད་ནས་བསམ་གཞིག་དང་ཁྲིམས་སྐྱོང་ཐད་ནས་གཉེར་སྒྲུབ་བྱེད་པའི”བླང་བྱ་དོན་འཁྱོལ་བྱས་ཤིང་། ཏང་གིས་འགོ་ཁྲིད་བྱེད་པའི་ལེགས་ཆ་དེ་དྲང་གཞག་དང་། ཕྱོད་ཆེ། ཟིལ་ཤུགས་ལྡན་པའི་འདྲི་གཅོད་བཅས་ཀྱི་ནུས་ཕྱོད་ཆེ་བའི་ལེགས་ཆར་འགྱུར་ཐུབ་པ་བྱ་རྒྱུ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་ནས་རྩ་བ་གསོ་ཞིང་སེམས་ནུས་བསྐྱེད་དེ་བླ་སྲོག་གཏོད་ཐུབ་པ་མ་ཟད། དངོས་སུ་སློབ་སྦྱོང་བྱས་ནས་གོ་རྟོགས་དང་ཡིད་ཆེས་འཕེལ་ཐུབ་པ་བྱ་རྒྱུ། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁྲིམས་ཁང་གི་ལས་དོན་ཁག་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཀྱི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་བྱེད་དགོས།
གཉིས། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རྟོགས་ངང་ཁྲིམས་ཁང་གི་ལས་དོན་དེ་ཏང་ཨུད་ཀྱི་ལྟེ་བའི་ལས་ཀའི་སྤྱི་ཡོངས་སུ་བཞག་ནས་ཇུས་འགོད་བྱེད་པ་དང་འབྲེལ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཡོང་བའི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟེ་བར་དམིགས་ནས་ཁྲིམས་ཁང་གི་འགན་ནུས་ཧུར་ཐག་སྒྲུབ་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་ཁང་གི་འགན་སེམས་མངོན་པར་བྱས་ཐོག རང་འགུལ་ངང་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནང་ཞུགས་པ་དང་། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་རང་སྟོབས་ཀྱི་འགན་སྒྲུབ་ལ་བརྟེན་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་ཞབས་ཞུ་སྒྲུབ་པའི་ལས་དོན་གཏིང་ཟབ་སྤེལ་བའི་ཁར། “ཡུལ་དེ་བརྟན་ལྷིང་ཡོང་བ་དང་། ཡུལ་དེ་དུས་བདེ་ཡོང་བ། ཡུལ་དེ་གོང་འཕེལ་གཏོང་བ། ཡུལ་དེ་ཁོར་ཡུག་ལེགས་བཅོས”བཅས་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་དགོས།
གསུམ། འདྲི་གཅོད་ཀྱི་འདུ་ཤེས་དང་། འདྲི་གཅོད་ཀྱི་ལམ་སྲོལ། འདྲི་གཅོད་ཀྱི་མ་ལག འདྲི་གཅོད་ཀྱི་དོ་དམ་བཅས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། འདྲི་གཅོད་ལས་དོན་དེང་རབས་ཅན་གྱི་སྤྱིའི་དམིགས་ཚད་དང་། གཞི་རྩའི་རྩ་དོན། བླང་བྱ་ཞིབ་ཕྲ་སོགས་ལ་སྟངས་འཛིན་ཡང་དག་བྱས་ནས་རང་སྟོབས་ཁྲིམས་འཛིན་དང་། “འབྱུང་རྩ་ནས་དམ་འཛིན་བྱས་ཏེ་གནད་དོན་མི་ཐོན་པ་བྱེད་པ”གཉིས་རྒྱལ་མང་རྒྱལ་དང་མཉམ་རྒྱལ་ཡོང་བར་བྱེད་པ། གྱོད་གཞི་མཐའ་འདོམས་དང་གནད་དོན་ཐག་གཅོད་བྱས་ཏེ་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པོ་ཡོང་བར་བྱེད་པ་བཅས་ཀྱི་འདུ་ཤེས་དོན་འཁྱོལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྩ་འཛུགས་སྒྲིག་གཞི་དང་འདྲི་གཅོད་སྤུས་ཚད་ཀྱི་དོ་དམ་དམིགས་ཚད་མ་ལག་ཚད་ལྡན་བཟོ་སྒྲིག་བྱེད་དགོས། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་མ་ཟད། ཁྲིམས་འཛིན་ཡོངས་བསྒྲགས་དང་དཔྱད་ཞིབ་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་བློ་རིག་ཁྲིམས་ཁང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས།
བཞི། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་ཐོབ་སྣང་ཆེ་རུ་གཏོང་བ་དེ་འགག་རྩར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་འདུ་ཤེས་ལག་བསྟར་བྱས་ནས། ཁྲིམས་ལྟར་འགལ་ཟླ་སེལ་རྒྱུ་དམིགས་ཚད་དུ་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་ལ་རྒྱུས་མངའ་ཆེ་བ་དང་། དམངས་ཀྱི་བསམ་ཚུལ་ལ་སྟངས་འཛིན་ཡང་དག་ཐུབ་པ། དེ་བཞིན་དོ་བདག་གི་རེ་ཞུ་དང་རྒྱུ་མཚན་སོགས་ལ་དབྱེ་ཞིབ་གནད་འཕིགས་བྱེད་ཐུབ་པ་བཅས་བྱས་ཏེ། སྤུས་ཚད་ཡག་ཤོས་དང་། ལས་ཕྱོད་ཆེ་ཤོས། ནུས་འབྲས་ཆེ་ཤོས་བཅས་ཐོན་ཐུབ་པའི་སྒོ་ནས་གྱོད་ཐག་བཅད་ཐོག མི་དམངས་མང་ཚོགས་ཀྱིས་ཁྲིམས་ཁང་གི་ལས་དོན་ལ་མོས་ཚད་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས།
ལྔ། བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་ཁག་ཅིག་གཏོད་པ་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དེ་བཞིན་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་བྱང་ཚད། ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་བཅས་གཞི་གཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི“གཏན་འགོག་བཅུ”སོགས་ཀྱི་སྒྲིག་ནན་བཀའ་བཙན་ལག་བསྟར་བྱ་རྒྱུའི་ཐད་ལ་དམ་འཛིན་ནན་པོ་བྱེད་དགོས། སྒྲིག་སྲོལ་གྱི་ར་སྐྱོར་དམ་པོར་བསྡམས་ནས། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པར་བཅོས་སྐྱོང་ནན་པོ་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
འཐུས་མི་རྣམ་པ། དུས་རབས་ཀྱིས་རྩོལ་ཤུགས་ལ་ལྕག་སྐུལ་གཏོང་བ་དང་། འཁྲི་འགན་གྱིས་མདུན་སྐྱོད་ཀྱི་ལམ་སྣེ་འདྲེན་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ལས་ཀའི་ཞན་ཆ་སེལ་ཐུབ་པ་བྱས་ནས་ཁྲིམས་ཁང་གི་ལས་ཀའི་སྤྱི་ཡོངས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི”སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཁར། ལྷག་བསམ་རྣམ་དག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་མཐའ་དག་བསྒྲུབས་ཏེ་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་མ་ཟད། གསར་གཏོད་ཡར་བརྩོན་དང་། སྙིང་སྟོབས་ཆེར་སྐྱེད། ཐེག་ཁུར་དངོས་སྒྲུབ། རྩེ་གྲ་གཏོད་པ་བཅས་ཀྱི་ཐོག་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)