རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཤཱ་ཁེ་ཆིང་།
འཐུས་མི་རྣམ་པ།
ད་ལྟ་ངས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས་སྲིད་གྲོས་ཨུ་ཡོན་དང་ཚོགས་འདུའི་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།
2023ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།
2023ལོར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། དེ་བཞིན་རྒྱལ་ཡོངས་ཞིབ་དཔྱོད་ཀྲང་གི་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་པར་བརྟེན། རང་རྟོགས་ངང་ཞིབ་དཔྱོད་ལས་དོན་དེ་ཏང་གི་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བཟོས་ཤིང་སྐུལ་འདེད་བཏང་བ་དང་། “དོན་ཆེན་བཞིར”དམིགས་ཤིང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ལྷག་བསམ་རྣམ་དག་ངང་ཁྲིམས་ལྟར་སྤུས་ཕྱོད་གཉིས་ལེགས་ཀྱི་འགན་འཁྲི་བསྒྲུབས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ཧྲིལ་པོར་བཅའ་ཁྲིམས་གྱི་ལྟ་སྐུལ་བྱས་པའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་14708སྒྲུབ་གཉེར་བྱས་པ་དེ་དུས་མཚུངས་ལས་6%འཕར་བ་དང་། ཁྲིམས་ལྟར་གྱོད་གཞི་ཁག་8030རང་འགུལ་གྱིས་སྒྲུབ་གཉེར་བྱས་པ་ཡིས་54.6%ཟིན་ནས། རང་འགུལ་ངང་གྱོད་གཞི་སྒྲུབ་གཉེར་བྱེད་ཚད་དེ་གཞན་སྐུལ་ངང་གྱོད་གཞི་བདག་སྤྲོད་བྱེད་ཚད་ལས་ཐེངས་དང་པོར་མང་དུ་ཕྱིན་པ་རེད། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་མོ་བཞིའི”གྱོད་སྒྲུབ་གྲུབ་ཆ་དེ་མུ་མཐུད་ལེགས་བསྒྱུར་བྱུང་ནས། དམངས་དོན་དང་སྲིད་འཛིན་ཐད་ཀྱི་ཞིབ་བཤེར་གྱོད་སྒྲུབ་སྤྱི་འབོར་མང་དུ་ཕྱིན་ཞིང་། གྱོད་གཞི་སྒྲུབ་གཉེར་གྱི་དམིགས་ཚད་གཙོ་བོ་འགྲུབ་ཚད་ལེགས་གྲས་སུ་ཚུད་པ་དང་ལས་སྒོའི་སྤུས་ཕྱོད་ལོ་རེ་བཞིན་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད།
གཅིག ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་བཏང་བ།
ཏང་ལ་བློ་དཀར་བྱ་རྒྱུ་ནི་བླང་བྱ་ཨང་དང་པོ་ཡིན་པ་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཟུང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཞིང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། “ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱེད། ལྷག་བསམ་རྣམ་དག་གིས་བླ་སྲོག་གཏོད”སོགས་ཀྱི་བྱེད་སྒོ་ཁག་གསུམ་དང“བལྟ་བ་ལྔ་དང་ཡོ་བསྲང་ལྔ”དེ་གཞི་རྟེན་དུ་བྱས་ནས་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། དོན་གྱི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ཁོང་ཆུད་མཐིལ་རྟོགས་ཡོང་རྒྱུར་ཧུར་བརྩོན་བྱས་པ་དང་སྦྲགས། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བར་བརྟེན་ནས་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་དང་ཞིབ་དཔྱོད་འགན་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། “གཏན་འཁེལ་གཉིས”ལ་གོང་བཀུར་རྩེ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་རྒྱུ་དེ་རྒྱང་ལམ་གསར་པར་སྐྱོད་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་རང་མདངས་མངོན་གསལ་དོད་ཤོས་ལ་གྱུར་ཡོད།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཤིང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ། སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་ལ་དམ་འཛིན་བྱས་པར་བརྟེན་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་མཐར་ཕྱིན་བྱས་ཡོད། 《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་གཏིང་ཟབ་བྱས་པར་མ་ཟད། ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་རྒྱུན་ལས་ཨུ་ལྷན་ལ་འབྲེལ་ཡོད་ཚན་པས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཆེད་དོན་སྙན་སེང་ཞུས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ལ་དོན་གནད་གལ་ཆེན་དང་གྱོད་གཞི་གལ་ཆེན་ཁག་67དགོངས་སྐོར་སྙན་སེང་ཞུས་ཡོད།
ཆབ་སྲིད་ཐོག་ནས་བསམ་བློ་བཏང་བ་དང་ཁྲིམས་སྐྱོང་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་ཁུར་ལེན་དངོས་སྒྲུབ་བྱས་པ། ཏང་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་གཉིས་གཅིག་གྱུར་ཡོང་བར་བྱས་ཏེ་ཁྲིམས་སྐྱོང་བགྲོད་ལམ་ཐོག་བརྟན་ལྷིང་ལ་སྲུང་སྐྱོང་དང་། གོང་འཕེལ་ལ་ཞབས་ཞུ། བཅོས་སྐྱོང་ཟབ་སྤེལ་བཅས་བྱས་པ་དང་། ལྷག་བསམ་འགན་འཁྲི་བསྒྲུབས་ཏེ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྲུང་སྐྱོང་བྱས་ཡོད། ལྗོངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ལས་ཀའི་སྒྲིག་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་དོན་གནད་གལ་ཆེན་ཁག་174ལ་གྲོས་ཞིབ་བྱས་ནས་ཐག་གཅོད་བྱས་པ་དང་སྦྲགས། ཞིབ་དཔྱོད་གཞི་གཅིག་ལ་འགྱུར་བའི་ལམ་སྲོལ་དང་། གྲངས་འཛིན་ཅན་གྱི་འཛུགས་སྐྱོང་། བཅའ་ཁྲིམས་ལྟ་སྐུལ་སོགས་ཐད་ཀྱི་གནད་དོན་གལ་ཆེན་ཁག་16ཐག་གཅོད་བྱས་པར་སྐུལ་འདེད་བཏང་ཡོད། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་རིམ་ཁག་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་གྱོད་གཞི་དང་དོན་གནད་གལ་ཆེན་ཁག་447ལ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཡོད། སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་བཙུགས་ཏེ“གཞི་རིམ་ལ་སྐྱོད་པ་བཞིའི”ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཤིང་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་བར་བརྟེན། རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་ཁག་114ལེགས་གྲུབ་བྱུང་བར་མ་ཟད། སྣེ་ཁྲིད་དེ་གྱོད་གཞི་ཁག་4535ཐག་གཅོད་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་ཁྲིམས་སར་འགན་འཁྲི་ཁག་155བསྒྲུབས་པ་དང་། གྱོད་གཞི་ཁག་426གི་གཟུ་ཉན་ལ་གཙོ་སྐྱོང་བྱས་པ་དང་། རིམ་པ་གཅིག་མཚུངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་ལ་ཟུར་ཞུགས་ཐེངས་119བྱས་པ་རེད།
གཉིས། རང་འགུལ་ངང་འགན་འཁྲི་བསྒྲུབས་ནས“དོན་ཆེན་བཞི”ལ་ཞབས་འདེགས་དང་འགན་སྲུང་བྱས་པ།
“རྒྱལ་ཁབ་ཀྱི་དོན་ཆེན”དེས་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་བཏོན་པའི་ཞིབ་ཕྲའི་བླང་བྱ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ། རང་རྟོགས་ངང་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་སྦྲགས། ཞིབ་དཔྱོད་ཀྱི་འགན་ནུས་ལ་བརྟེན་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་ཞབས་འདེགས་དང་འགན་སྲུང་གང་ལེགས་བྱས་ཡོད།
རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཤིང“འགོག་སྲུང་གཙོ་བོ་བྱེད་པའི”བརྟན་ལྷིང་སྲུང་སྐྱོང་གི་བསམ་གཞི་མཐའ་འཁྱོངས་ཀྱིས་ཉེས་གསོག་ཐད་ཀྱི་སྤྱིར་བཏང་གི་སྔོན་འགོག་དང་དམིགས་བསལ་གྱི་སྔོན་འགོག་བྱ་རྒྱུ་དེ་ཁྲིམས་ལྟར་བདེ་འཇགས་ཀྱི་གནོད་འཚེ་དང་རིགས་འདྲ་མིན་གྱི་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་བྱ་རྒྱུ་དང་གཅིག་གྱུར་ཡོང་བར་བྱས་ཡོད། མི་བསད་གྱོད་དོན་སྒྲུབ་གཉེར་ལམ་སྲོལ་དང་རྙོག་འཛིང་ཆེ་ཞིང་དཀའ་གནད་ཆེ་བའི་གྱོད་དོན་ཚབས་ཆེན་ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། “དམངས་དོན་ཉེས་དོན་ལ་བསྒྱུར་བའི”གྱོད་དོན་དང་སྐུར་སྐྱེལ་ཟོག་འགྲུལ་ལས་རིགས་བཅོས་སྐྱོང་ཟབ་སྤེལ་བྱས་པ། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་བ་བཅས་ལ་བརྟེན་ནས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱེད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
(པར་ངོས་བདུན་པར་གཟིགས)(པར་ངོས་གསུམ་པར་མཐུད) ཉེས་དོན་ཉེས་གསོག་ཐད་དམ་ནན་བྱེད་དགོས་སར་དམ་ནན་དང་། གུ་ཡངས་བྱེད་དགོས་སར་གུ་ཡངས་བྱས་ཏེ། རིགས་འདྲ་མིན་གྱི་ཉེས་གསོག་དོགས་གནད་ཅན་1113འཛིན་བཟུང་བྱ་རྒྱུའི་ཆོག་མཆན་བཀོད་པ་དེ་དུས་མཚུངས་ལས་40.4%འཕར་བ་དང་། མི་658འཛིན་བཟུང་བྱ་རྒྱུའི་ཆོག་མཆན་མ་བཀོད་པ་དེ་དུས་མཚུངས་ལས་40%འཕར་བ། མི་2843གཞུང་གཏུག་བྱས་པ་དེ་དུས་མཚུངས་ལས་8.2%འཕར་བ། མི་1074ལ་གཞུང་གཏུག་མི་བྱ་རྒྱུའི་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་15.9%འཕར་ཡོད། ལྗོངས་མཐོ་རིམ་ཁྲིམས་ཁང་དང་མཉམ་འབྲེལ་གྱིས་རྒྱུན་མཐོང་ཉེས་གསོག་ལ་ཁྲིམས་ཆད་གཅོད་ཚད་སྐོར་གྱི་ལག་བསྟར་ཞིབ་སྲོལ་ཚད་ལྡན་བཟོས་ཤིང་། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱས་པའི་མི་3544ལ་གུ་ཡངས་ལམ་ལུགས་ཁྲིམས་ལྟར་འཐུས་སྤྱོད་བྱ་རྒྱུ་གཙོ་ཁྲིད་བྱས་པ་དང་འཐུས་སྤྱོད་བྱས་ཚད་93.3%ཟིན་ཡོད། ཞིབ་དཔྱོད་གྲོས་འཆར་དོན་འཁྱོལ་བྱ་རྒྱུ་དེ་དུས་བདེའི་བོད་ལྗོངས་དང་ཁྲིམས་ལྟར་བོད་སྐྱོང་ལས་དོན་གྱི་དཔྱད་ཞིབ་ནང་འཇུག་པར་སྐུལ་འདེད་བཏང་བར་མ་ཟད། སྤྱི་ཚོགས་བཅོས་སྐྱོང་ཐད་ཞིབ་དཔྱོད་གྲོས་འཆར་ཁག་496བཟོས་འགྲེམས་བྱས་པར་འབྲེལ་ཡོད་ཚན་པས་དང་ལེན་བྱེད་ཚད་99.4%ཟིན་ནས་བཅོས་སྐྱོང་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། “མངགས་ཐོའི་རྣམ་པ”དང་། “གྱོད་འབྲེལ་རྣམ་པ” “སློབ་ཁྲིད་རྣམ་པ”བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་ཏུ་བཏང་སྟེ། “ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་ཐེངས་257དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་2700ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་150ལྷག་ཙམ་ཞུགས་ཡོད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་6འཚོགས་པ་དང་། དཔེ་མཚོན་གྱོད་དཔེ་126ཡོངས་བསྒྲགས་བྱས་པ། ཞིབ་དཔྱོད་སྨྱན་སྦྱོར་གསར་པས་ཁྲིམས་སྐྱོང་ཆ་འཕྲིན་ཁྲི་7ལྷག་ཙམ་སྤེལ་བསྒྲགས་བྱས་པ་ལས་ཀྲུང་དབྱང་དང་ཀྲུང་དབྱང་སྲིད་ཁྲིམས་སྨྱན་སྦྱོར་དང་། དེ་བཞིན་ས་གནས་ཀྱི་སྨྱན་སྦྱོར་གཙོ་བོས་ཆ་འཕྲིན་300ལྷག་བརྒྱུད་འགོད་བྱས་ཡོད། ལྗོངས་ཞིབ་དཔྱོད་ཁང་གིས“5·13”གྱི་ཆེད་དོན་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་ཁྲིམས་འཛིན་མི་སྣས་འགན་འཛོལ་ཉེས་གསོག་བྱས་པ་དེ་ཆེད་དོན་ཉེན་བརྡའི་བརྙན་པར་བཟོས་ཡོད།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་སྲུང་བྱས་པ། དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་དོན་ཚན་22”ལག་བསྟར་དོན་འཁྱོལ་བྱས་ཏེ། རྡུང་རྡེག་དང་སྲུང་སྐྱོབ་གཉིས་དང་ལྟ་སྐུལ་དང་བཅོས་སྐྱོང་གཉིས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། རིགས་འདྲ་མིན་གྱི་དཔལ་འབྱོར་བྱེད་པོར་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོབ་བྱས་ཐོག ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རོགས་བྱས་ཡོད། མཉམ་འགུལ་གྱིས་དམངས་གཉེར་ཁེ་ལས་པ་327རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་དུ་གདན་འདྲེན་གྱིས་བཞུགས་མོལ་བྱས་ཏེ་ཐབས་ཇུས་དང་དགོས་མཁོ་དྲིས་ཤིང་། དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བར་ཞིབ་དཔྱོད་ཀྱི་ཞབས་འདེགས་དང་འགན་སྲུང་བྱེད་དགོས་པར་བསམ་འཆར་དང་བྱེད་ཐབས་འདོན་པར་བཅུག་ཡོད། དཔལ་འབྱོར་རིགས་ཀྱི་ཉེས་གསོག་གྱོད་གཞི་ཁག་202ཀྱི་མི་325ལ་ཞུ་གཏུག་བྱས་ནས་ཞིབ་དཔྱོད་ལས་རིམ་ནས་སྒོར་ཁྲི་2267.9ཡི་གྱོང་གུན་གསབ་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུད་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་ཀྱི་བཙོག་དངུལ་གཙང་སྒྱུར་གྱི་གྱོད་གཞི་ཐོག་མ་དེ་གཉེར་སྒྲུབ་བྱས་ཏེ་ཁཱོང་ཆེ་གེ་མོ་སོགས་མི་3ལ་ཁྲིམས་ཆད་བཅད་པ་རེད། ཁེ་ལས་ནང་ཁུལ་གྱི་མི་སྣས་ལས་གནས་ལ་བརྟེན་ནས་མ་དངུལ་ཧམ་བཟུང་དང་གཞན་སྤྱོད་བྱས་པའི་ཉེས་གསོག་དོགས་ཡོད་ཅན་29ཞུ་གཏུག་བྱས་ཏེ་ཁེ་ལས་ལ་སྒོར་ཁྲི་468.1གི་གྱོང་གུན་གསབ་ཡོད། རིམ་ཁག་བཟོ་ཚོང་ལྷན་ཚོགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྱོད་འབྲེལ་ཁེ་ལས་ལ་སྒྲིག་མཐུན་བཅོས་སྐྱོང་བྱས་ནས་གྱོད་གཞི་ཁག་8ཀྱི་མི་17གྱོད་དོན་གཉེར་སྒྲུབ་བྱས་པ་དང་། སྒྲིག་མཐུན་གྱི་དག་ཐེར་ཡོ་བསྲང་བྱས་ཚད་ལོན་པའི་གྱོད་འབྲེལ་མི་སྣར་བལྟོས་བཅས་ཀྱི་ཞུ་གཏུག་མི་བྱ་རྒྱུ་ཁྲིམས་ལྟར་ཐག་གཅོད་བྱས་པ་དང་སྦྲགས། “ལྟ་སྐུལ་+སྲུང་སྐྱོབ”ལ་བརྟེན་ནས་དམངས་གཉེར་ཁེ་ལས་ཀྱིས་སྒྲིག་མཐུན་ཁྲིམས་སྲུང་གིས་ཚོང་གཉེར་བྱེད་པར་སྐུལ་འདེད་བཏང་ཡོད། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་སི་ཁྲོན་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཁྲོན་བོད་ལྕགས་ལམ་ཀུང་སི་དང་མཉམ་དུ《ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ཞིབ་དཔྱོད་ཞབས་འདེགས་དང་འགན་ལེན་མཁོ་འདོན་བྱ་རྒྱུའི་སྐོར་གྱི་མཉམ་ལས་བསམ་འཆར》བཟོས་ཡོད།
སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་སྲུང་ཡོལ་བརྟན་པོར་ཚུགས་རྒྱུར་སྐུལ་འདེད་བཏང་བ། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱ་རྒྱུའི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྱོང་བྱེད་པར་ཞབས་འདེགས་ཞུས་ཚུལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཆེད་དོན་སྙན་སེང་ཞུས་པ། བོད་ལྗོངས་སློབ་ཆེན་དང་མཉམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་འགན་ལེན་ཞིབ་འཇུག་ལྟེ་གནས་བཙུགས་པ་སོགས་ཀྱི་ལས་ཀ་སྤེལ་ཡོད། “གཙང་མཚེའུ་ནགས་གསུམ་གྱི་དཔོན་+ཞིབ་དཔྱོད་ཀྲང་+ཉེན་རྟོག་དཔོན”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཐད་ཀྱི་གྱོད་གཞི་གཉེར་སྒྲུབ་ཀྱི་ཁྲིད་སྟོན་བྱེད་ཐབས་བཟོ་འབེབས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་གསོག་པ་67ཞུ་གཏུག་བྱས་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་གྱོད་གཞི་ཁག་50དང་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་994གཉེར་སྒྲུབ་བྱས་ཡོད། “ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོབ”ཀྱི་ཆེད་དོན་བྱེད་སྒོ་སྤེལ་ཏེ་གཙོ་འགན་ལས་ཁུངས་ལ་སྐུལ་འདེད་ཀྱིས་ཆུ་ལམ་སྤྱི་ལེ་1738.9དང་། ཆུ་རྩའི་ཁུལ་66 བཙོག་འབུད་མདོ་ཁ་3བཅས་བཅོས་སྐྱོང་དང་། རྩྭ་ཐང་དང་འདམ་ར་སོགས་མུའུ་ཁྲི་2.2ལྷག་སླར་གསོ། སྲ་གཟུགས་སྙིགས་རོ་ཏུན་5500ལྷག་ཙམ་གཙང་སེལ་བཅས་བྱས་པ། གད་སྙིགས་སྦས་ས་2བཤིག་ཡོད། མངའ་རིས་ཞིབ་དཔྱོད་ལས་ཁུངས་ཀྱིས་མ་ཕམ་གཡུ་མཚོའི་མཐའ་འཁོར་གྱི་ཁ་བཏགས་རྙིང་པ་ཏུན་16ལྟ་སྐུལ་འོག་གཙང་སེལ་བྱེད་དུ་བཅུག་པ་དང་། སྣང་རྫོང་ཞིབ་དཔྱོད་ཁང་གིས་ཕྱི་ཡོང་བཙན་འཛུལ་སྐྱེ་དངོས་དབྱིན་ཅ་ཁོང་ཆའེ་རྩྭ་གྱོད་ཁོངས་སུ་བཅུག་ནས་ལྟ་སྐུལ་འོག་འགོག་བཅོས་བྱེད་དུ་བཅུག་པ། རྒྱལ་ཁབ་རིམ་པའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ(གཞིས་རྩེ་ཁུལ)ཁྲིམས་འགལ་གྱིས་གསར་སྤེལ་བྱས་པའི་རྣམ་གྲངས་དེ་གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་ཁོངས་སུ་བཅུག་ནས་ལྟ་སྐུལ་བྱས་པར་མ་ཟད། མུའུ་ཁྲི་2ལྷག་ཙམ་ལྟ་སྐུལ་འོག་སླར་གསོ་བྱེད་དུ་བཅུག་པ། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་སྐུལ་འདེད་བྱས་ནས་ཁྲལ་དོན་དང་ཆུ་བེད་སྡེ་ཚན་གྱིས་ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་སྒོར་ཁྲི་2031.1བསྡུ་ལེན་བྱེད་དུ་བཅུག་པ་དང་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ལ་སྐུལ་འདེད་བྱས་ནས་རླངས་འཁོར་འཁྲུད་པ་སོགས་དམིགས་བསལ་ལས་རིགས་ཀྱི་ཆུ་རིན་སྒོར་ཁྲི་118བསྡུ་ལེན་བྱེད་དུ་བཅུག་པ། འབྲོང་པ་རྫོང་ཞིབ་དཔྱོད་ཁང་གིས་གཉེར་སྒྲུབ་བྱས་པའི་གནམ་ལ་འདམ་ར་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེར་ཚུད་ཡོད།
མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་པ། མཐའ་མཚམས་ལ་ཞིབ་དཔྱོད་ཀྱི་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་གྲོང་ཚོ་383ལ་ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་12309བཙུགས་པ་དང་སྦྲགས། འབྲེལ་གཏུག་པ་814གདན་ཞུ་བྱས་ཏེ་མང་ཚོགས་དང་དམག་དཔུང་ཁྲོད་ཟབ་ཞུགས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིམས་འཛིན་སྐྱོབ་རོགས་བྱས་ཤིང་། དམག་དཔུང་དང་། ཉེན་རྟོག་པ། མང་ཚོགས་བཅས་ཀྱི་མཉམ་འགོག་མཉམ་སྡོམ་ལ་རམ་འདེགས་བྱས་ནས་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་500ལྷག་ཙམ་དང་། འགལ་ཟླ་དང་རྩོད་རྙོག་ཁག་100ལྷག་འདུམ་འགྲིག་བྱས་ཡོད། ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་བྱེད་ཉེན་རྟོག་པ་166གྲོང་ཚོར་བཅའ་སྡོད་དུ་མངགས་གཏོང་བྱས་པ་དང་། དེའི་ཁྲོད་ཀྱི་མི་73གྱིས་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་ནས་ས་གནས་དེ་གའི་མང་ཚོགས་ལ་མ་དངུལ་སྒོར་ཁྲི་1687.6གྲབས་གསོག་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་གོང་དཀར་རྫོང་ཞིབ་དཔྱོད་ཁང་གིས་སྲིན་བུ་རི་སྡེ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྲིམས་སྐྱོང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནས་སྤོས་མང་ཚོགས་རྣམས་སྡོད་བདེ་བློ་བདེ་ཡོང་བར་འགན་ལེན་བྱས་ཡོད། བོད་དམག་ཁུལ་ཁང་གི་ཆབ་སྲིད་པུའུ་དང་ལྷ་ས་དམག་དོན་ཞིབ་དཔྱོད་ཁང་ལ་མཉམ་འབྲེལ་ཐོག“མཐའ་སྟོབས་མཐའ་སྲུང་གི་ཁྲིམས་འཛིན་འགན་ལེན”གྱི་བྱེད་སྒོ་སྤེལ་ནས་དམག་སྤྱོད་ས་ཆ་བཟུང་སྤྱོད་བྱས་པ་སོགས་ཀྱི་ཁུངས་སྣེ་ཁག་20བསྡུ་རུབ་དང་གཉེར་སྒྲུབ་བྱས་པར་མ་ཟད། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་གཞོགས་འདེགས་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་དམག་མིའི་ཁྲིམས་མཐུན་ཁེ་དབང་དང་རྒྱལ་སྲུང་ཁེ་ཕན་སྲུང་སྐྱོང་བྱས་ཡོད།
གསུམ། དམངས་ཆེད་ཁྲིམས་འཛིན་གྱིས་གྱོད་གཞི་རེ་རེ་བཞིན་སྤུས་ཕྱོད་གཉིས་ལེགས་ཀྱིས་ཡག་པོར་བསྒྲུབས་པ།
“གྱོད་གཞི་རེ་རེ་བཞིན་སྤུས་ཕྱོད་གཉིས་ལེགས་ཀྱིས་ཡག་པོར་བསྒྲུབ་རྒྱུའི”གཞི་རྩའི་རིན་ཐང་འཛིན་ཕྱོགས་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཟུང་ཞིང་། རང་རྟོགས་ཀྱི་གྱོད་གཞི་རེ་རེའི་དྲང་གཞག་ལ་བརྟེན་ནས་ཁྲིམས་འཛིན་དྲང་གཞག་ཡོང་བར་བྱས་ཏེ། ཁྲིམས་འཛིན་དྲང་གཞག་ལ་བརྟེན་ནས་དམངས་དབང་སྲུང་སྐྱོང་དང་། དམངས་སེམས་དྲོ་སྐྱིད། ཁྲིམས་སྐྱོང་དར་སྤེལ་བཅས་ཡོང་བར་བྱས་ཡོད།
གྱོད་སྒྲུབ་ལ་ལྟ་སྐུལ་བྱས་ནས་དམངས་འཚོའི་བདེ་རྩ་སྲུང་སྐྱོང་བྱས་པ། ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་བར་འཇུག་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་གྱི་བླང་བྱར་བརྩིས་ནས། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་རིགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། “ནན་ཤོས་བཞིའི”ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་ཟས་རིགས་དང་སྨན་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་422གཉེར་སྒྲུབ་བྱས་པར་མ་ཟད། སྲིད་འཛིན་ལས་ཁུངས་ལ་དུས་ཡོལ་ཟས་རིགས་དང་སྤུས་ཞན་སྨན་རིགས་རྫུན་མ་ཏུན་6.8 ཞིབ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་བཟའ་བཅའ་དང་སྨན་རིགས་སྤྱོད་པར་བློ་བདེ་ཞིང་བདེ་འཇགས་ཡོང་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་མཁན་མང་པོ་ཡོད་པར་ཞིབ་དཔྱོད་ལས་ཁུངས་ཀྱིས་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་འབྲེལ་ཡོད་ཉེས་གསོག་མཁན་467ལ་ཞུ་གཏུག་བྱས་ཏེ་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ཡག་པོར་བསྲུངས་ཡོད། ཁྲིམས་ཁང་དང་། སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཚན་པ་60དང་མཉམ་འབྲེལ་བྱས་ནས“དམངས་དང་བློ་སེམས་གཅིག ཁྱེད་ལ་སྲུང་སྐྱོང་བྱེད”ཅེས་པའི་བསླུ་འགོག་དྲིལ་བསྒྲགས་སྤེལ་ཏེ་མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་ཆེ་རུ་བཏང་ཡོད། གཙོ་འགན་ཚན་པར་མི་སྒེར་གྱི་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མི་སྒེར་གྱི་ཚོར་སྐྱེན་ཆ་འཕྲིན་ཁྲི་3.1ལྷག་གཙང་སེལ་བྱས་པར་མ་ཟད་ཁེ་ལས་72ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་ཡོད།
སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ཁྲིམས་འབྲེལ་གཏུག་འབྲེལ་གྱི་སེམས་ཁྲལ་ཆེ་བའི་དོན་དག་ལེགས་པོར་བསྒྲུབས་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་དར་སྤེལ་གྱིས་མང་ཚོགས་ལ་བརྟེན་ནས་འགལ་ཟླ་རང་སར་འདུམ་སེལ་དང་ཞུ་གཏུག་འབྱུང་གཞི་བཅོས་སྐྱོང་བྱེད་པར་ཐེ་ཞུགས་བྱས་ཏེ་དམངས་ཀྱི་རེ་འབོད་ཡོད་པར་ཞིབ་བཤེར་གྱིས་བརྡ་ལན་ཞུ་ཐུབ་པ་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི“གཡང་འཛོམས་ཐད་སྦྲེལ་ཁ་པར”12309གསར་འཛུགས་བྱས་ཏེ་མང་ཚོགས་ཀྱི་རེ་འདོད་ཞུས་རིགས་ལ་དུས་ཀུན་ཏུ་ཁ་པར་ཉན་ལེན་དང་། གཅིག་གྱུར་གྱིས་མངགས་བཀོད་བྱེད་པ། ལན་འདེབས་ཁ་གསལ་བཅས་བྱས་པར་བརྟེན། ཁྲིམས་འབྲེལ་གཏུག་འབྲེལ་གྱི་ཡིག་འབུལ་ཞུ་བཅར་གྱོད་གཞི་ཁྱོན་སྡོམ་1668གཉེར་སྒྲུབ་བྱས་པར་མ་ཟད། “དྲ་ཐོག་དང་དྲ་ཕྱི”ནས་གྱོད་གཞི་ཁག་672ལ་ཡོངས་བསྒྲགས་ཀྱིས་གཟུ་ཉན་དང་གཉེར་སྒྲུབ་བྱས་པ་དེ། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས“གྱོད་དམིགས་གཤམ་སྐྱོད”ཐོག་ཡིག་འབུལ་ཞུ་བཅར་སྣེ་ལེན་ཐེངས་536བྱས་ཤིང་གྱོད་གཞི་ཁག་219སྒྲུབ་འགན་གཙང་ལེན་གྱིས་ཐག་གཅོད་དང་། རིགས་འདྲ་མིན་གྱི་གནད་དོན་ཁག་500ལྷག་རྩད་ཞིབ་བྱས་ནས་ཐག་གཅོད་བྱས་ཡོད། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི་ཁག་333གྱི་ཞུ་གཏུག་ལ་རྒྱབ་སྐྱོར་བྱས་ཏེ་ཆད་འགྱངས་བྱས་པའི་གླ་ཆ་སྒོར་ཁྲི་2664.4འདེད་ལེན་བྱས་ཡོད། མི་298ལ་སྒོར་ཁྲི་653.2ཀྱི་ཁྲིམས་འཛིན་རོགས་སྐྱོབ་བྱས་ཡོད། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ཡིག་འབུལ་ཞུ་བཅར་ལ་སྣེ་ལེན་བྱས་པ་དང་སྦྲགས། སྒེར་རྩེ་རྫོང་ཞིབ་དཔྱོད་ཁང་གིས་ཞིང་པ་ལས་མི་951ཡི་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པར་མཛུབ་སྟོན་བྱས་ནས་ཆད་འགྱངས་བྱས་པའི་གླ་ཆ་སྒོར་ཁྲི་1429.41གཙང་ལེན་ཐུབ་པར་བྱས་ཡོད།
ནར་མ་སོན་པའི་མིར་ཕྱོགས་བསྡུས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་གྱི་ཐོག་ནས་ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་པར་ཁྲིམས་ཆད་བཅད་ནས་མི་117ཁྲིམས་ལྟར་ཞུ་གཏུག་བྱས་པ་དེ་དུས་མཚུངས་ལས་77.3%འཕར་ཡོད། ཉེས་འབྲེལ་ནར་མ་སོན་པའི་མིར་སློབ་གསོ་དང་། བློ་འགུག སྐྱོབ་ཐབས་བཅས་བྱས་པར་བརྟེན། ཉེས་གསོག་ཚབས་ཆེན་གྱི་མི་63ཞུ་གཏུག་བྱས་པ་དེ་དུས་མཚུངས་ལས་16.7%འཕར་ཡོད། ཉེས་ཚབས་ཆུང་གྲས་ལ་ཆ་རྐྱེན་ཟུར་འཁོད་ཀྱིས་ཞུ་གཏུག་མ་བྱས་པའི་མི་60ཡོད་པ་དེ་དུས་མཚུངས་ལས་87.5%འཕར་ཡོད། གྱོད་འབྲེལ་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་གྲོང་ཁྱེར་ཡན་ལག་ཁང་ཚང་མས་ནར་མ་སོན་པའི་མིའི་གྱོད་གཞི“གཅིག་འཐུས་རྣམ་པའི”གཉེར་སྒྲུབ་རོགས་སྐྱོབ་ལྟེ་གནས་བཙུགས་ཡོད། སྤྱི་ཚོགས་སུ་བརྟག་དཔྱད་ཐེངས་333བྱས་ཏེ་མི་ཐེངས་225ལ་སེམས་ཁམས་གསོ་བ་དང་ཁྱིམ་བདག་གི་སློབ་གསོ་སྤེལ་བ་དང་། མི་117གྱི་ཉེས་གསོག་ཟིན་ཐོ་སྡོམ་ཉར་བྱས་ཡོད། ནར་མ་སོན་པའི་མིའི“སྲུང་སྐྱོབ་ཆེན་པོ་དྲུག”གི་མཉམ་སྒྲུབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བཙན་འདོམས་སྙན་ཞུ་དང་ལས་འཁོད་འདྲི་རྩད་སོགས་ཀྱི་ལམ་ལུགས་ལག་ལེན་བསྟར་ཡོད། བཙན་འདོམས་སྙན་སེང་ཞུ་རུ་བཅུག་པ་བརྒྱུད་ནར་མ་སོན་པའི་མི་ལ་ཁྲིམས་མིན་གྱི་བཙན་གནོད་ཕོག་པ་དང་བཙན་གནོད་ཕོག་པའི་དོགས་ཡོད་གྱོད་གཞི་ཁག་37ཤེས་རྟོགས་བྱུང་ཡོད། སློབ་གསོ་སྲིད་འཛིན་སྡེ་ཚན་དང་མཉམ་འབྲེལ་གྱིས་ལས་གནས་གསར་འཁོད་ཀྱི་དགེ་རྒན་2300ལྷག་ཙམ་ལ་ལས་རིགས་སུ་ཞུགས་འཐུས་ཀྱི་འདྲི་རྩད་བྱས་ཡོད། ལྟ་སྐྱོང་འགན་འཛོལ་བྱུང་བ་དང་གནས་འབྱོར་མ་བྱུང་རིགས་ལ་དམིགས་ནས་ལྟ་སྐྱོང་བྱེད་དགོས་པའི་བཀའ་རྒྱ་51བཟོ་འགྲེམས་བྱས་ཡོད། སློབ་གྲྭའི་མཐའ་སྐོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མགྲོན་ཁང་དང་རོལ་རྩེད་ཁང་དུ་ནར་མ་སོན་པའི་མི་སྒྲིག་འགལ་གྱིས་ཡོང་དུ་བཅུག་པ་དང་། ཐ་མག་དང་ཆང་རག་འཚོང་བ་སོགས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་137གཉེར་སྒྲུབ་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་དང་ཞིབ་དཔྱོད་དཔོན་རྣམས་སློབ་གྲྭ་484ལ་བསྐྱོད་ནས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་ནས་ཁྲིམས་སྐྱོང་སློབ་གསོ་ཐེངས་724སྤེལ་བར་དགེ་སློབ་མི་ཐེངས་ཁྲི་79ལྷག་ཞུགས་ཡོད།
བཞི། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
ཞིབ་དཔྱོད་ལས་ཁུངས་ནི“རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ཡང་དག་ངང་ལག་བསྟར་བྱེད་རྒྱུར་འགན་ལེན་བྱེད་པའི་ཁྲིམས་འཛིན་ལས་ཁུངས”ཡིན་པ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ནས་སྒྲིག་བཤེར་ལྟ་ཞིབ་དང་། མྱུལ་ཞིབ། འདྲི་གཅོད། ཁྲིམས་འཛིན་སྲིད་འཛིན། དེ་བཞིན་སྲིད་འཛིན་ལག་བསྟར་ལས་ཁུངས་བཅས་ཀྱི་དབར་ལས་ཀ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཐོག གྱོད་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་དང་། ལས་ཕྱོད། ཕན་འབྲས་བཅས་ཁྲིམས་སྐྱོང་བོད་ལྗོངས་ཀྱི་སྤྱི་ཡོངས་དང་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱས་ཡོད།
ཉེས་དོན་ཞུ་གཏུག་གི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་བདེ་དང་། བདེ་འཇགས། འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུད་བཅས་དང་མཉམ་དུ་མྱུལ་ཞིབ་ལྟ་སྐུལ་དང་མཉམ་སྒྲུབ་གཞོགས་འདེགས་ཀྱི་གཞུང་ལས་ཁང་བཙུགས་ཤིང་། ལས་ཀའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་དོན་ཚན་གྱི་གསལ་ཐོ་429 གཏན་འབེབས་བྱས་པར་བརྟེན། གྱོད་གཞི་ཁག་63ལྟ་སྐུལ་འོག་གྱོད་ཁོངས་སུ་བཅུག་པ་དང་དུས་མཚུངས་ལས་ལྡབ3.5འཕར་བ་དང་། གྱོད་གཞི་ཁག་35ལྟ་སྐུལ་འོག་ཕྱིར་འཐེན་བྱས་པ་དང་དུས་མཚུངས་ལས་ལྡབ་2.9འཕར་བ། མྱུལ་ཞིབ་བྱེད་སྒོའི་ཁྲིམས་འགལ་གྱོད་དོན་390ཡིག་ཐོག་ནས་ཡོ་བསྲང་བྱས་པ་དེ་དང་ལེན་བྱས་ཚད་99.3%ཟིན་པ། མི་53ཞུ་གཏུག་དང་འཛིན་བཟུང་བྱས་པ་དང་དུས་མཚུངས་ལས་85.2%འཕར་བ། ལྗོངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ཐེངས་དང་པོར་ཐད་ཀར་ལྟ་སྐུལ་འོག་གྱོད་གཞི་ཁག་3གྱོད་ཁོངས་སུ་བཅུག་ཡོད། ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེས་དོན་ཁྲིམས་བཅད་ལ་ནོར་འཁྲུལ་དངོས་གནས་ཡོད་པའི་གྱོད་དོན་17ལ་རྒོལ་གཏུག་བྱས་པར་ཁྲིམས་ཁང་གིས་རྒོལ་གཏུག་བསམ་འཆར་དང་ལེན་བྱས་ནས་གྱོད་གཞི་15ཡི་ཁྲིམས་ཆད་བསྐྱར་གཅོད་དམ་བསྐྱར་དུ་འདྲི་གཅོད་བྱ་རྒྱུར་སློག་པ་རེད། ཉེས་དོན་འདྲི་གཅོད་བྱེད་སྒོའི་ཁྲིམས་འགལ་གྱོད་གཞི་ཁག་36ཡིག་ཐོག་ནས་ཡོ་བསྲང་བྱས་པ་དེ་དང་ལེན་བྱེད་ཚད་100%ཟིན་ཡོད། ཉེས་དོན་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བཙོན་ཁང་དང་། ལྟ་སྲུང་ཁང་། སྡེ་ཁུལ་ཡོ་བསྲང་བཅས་སུ་ཞིབ་དཔྱོད་སྐོར་ཞིབ་བྱས་ཏེ་ཉེས་ཆད་ཡང་གཏོང་དང་། དངོས་མིན་བཙོན་གྲོལ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ཁྲིམས་ཆད་འཁུར་བ་བཅས་ཀྱི་གྱོད་གཞི་ཁག་904ཞིབ་བཤེར་བྱས་པ་དང་སྦྲགས། དོ་དམ་མ་བྱས་པ་དང་དོ་དམ་བྱ་རྒྱུར་ལུས་པ་ཡོ་བསྲང་བྱས་པའི་མི་59ཡོད་པ་དང་། ལྟ་སྐུལ་བསམ་འཆར་ཁག་395བཏོན་པ་དེ་དང་ལེན་བྱེད་ཚད་100%ཟིན་ཡོད། ཉེ་བའི་ལོ་ལྔའི་རིང་གི་ནག་འབྲེལ་གཤེད་འབྲེལ་དང་ལས་ཐོག་ཉེས་གསོག་གྱི་གྱོད་གཞིར“2023ལོའི་ཐོག་ལྕགས”ཞེས་པའི་རྒྱུ་ནོར་ཉེས་ཆད་ལག་བསྟར་ཐད་ཆེད་དོན་ལྟ་སྐུལ་སྤེལ་ནས་ལྟ་སྐུལ་བསམ་འཆར་ཁག་44བཏོན་པ་དང་། ལྟ་སྐུལ་འོག་ལག་བསྟར་བྱས་པའི་དངུལ་སྒོར་དུང་ཕྱུར་6.38ཟིན་ཡོད།
དམངས་དོན་ཞིབ་དཔྱོད་ཐད་གནད་འཕིགས་ནུས་ལྡན་གྱི་ལྟ་སྐུལ་བྱེད་རྒྱུ་དམ་འཛིན་བྱས་པ། རིགས་འདྲ་མིན་གྱི་དམངས་དོན་ཞིབ་དཔྱོད་ཀྱི་གྱོད་གཞི་ཁག་2606སྒྲུབ་གཉེར་བྱས་པ་དང་དུས་མཚུངས་ལས་59.2%འཕར་བ་དང་རྣམ་པ་ཁྲིམས་དང་མི་འགལ་ཡང་དོན་དངོས་དྲང་བདེན་མིན་རིགས་ལྟ་སྐུལ་འོག་ཡོ་བསྲང་མཐའ་གཅིག་བྱེད་དུ་བཅུག་ཡོད། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་དོན་ལག་བསྟར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་དམིགས་འཛུགས་ཀྱིས་མི་3གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་། དངོས་གནས་ནོར་འཁྲུལ་ཡོད་ཅིང་ནུས་པ་ཐོན་པའི་དམངས་དོན་ཁྲིམས་བཅད་ཁག་4ལ་རྒོལ་གཏུག་དང་བསྐྱར་དུ་འདྲི་གཅོད་བྱ་རྒྱུའི་ཞིབ་དཔྱོད་གྲོས་འཆར་ཁག་5བཏོན་པར་ཁྲིམས་ཁང་གིས་གྱོད་གཞི་ཁག་2ཁྲིམས་ཆད་བསྐྱར་གཅོད་བྱས་པ་དང་གྱོད་གཞི་ཁག་5འདུམ་འགྲིག་ཐག་གཅོད་བྱས་པ་རེད། དམངས་དོན་ལག་བསྟར་བྱེད་སྒོའི་ཁྲིམས་འགལ་རིགས་ཡོ་བསྲང་བྱ་རྒྱུའི་བསམ་འཆར་ཁག་263བཏོན་པ་དེ་དང་ལེན་བྱེད་ཚད་100%ཟིན་ཡོད། ལྟ་སྐུལ་ལ་བརྟེན་ནས་གཉིས་ཕན་ཡོང་བར་དམིགས་ཏེ་ཁྲིམས་སྒྱུར་ཁྲིམས་འཛིན་ཐད“ཕྱིར་མིག་ལྟ་བའི” ལས་ཀ་ཟབ་སྤེལ་གྱིས་དམངས་དོན་འདྲི་གཅོད་དང་ལག་བསྟར་བྱས་པའི་གྱོད་གཞི་ཁྲི་10ལྷག་ལ་དཔྱད་བཤེར་བྱས་པར་མ་ཟད་སྐྱོན་ཡོད་པའི་གྱོད་གཞི་ཁག་25112ཡོ་བསྲང་བྱས་ཡོད། ལྗོངས་ཞིབ་དཔྱོད་ཁང་གིས་ཧོང་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་ཡི་འགྲིམ་འགྲུལ་དོན་རྐྱེན་འགན་འཁྲིའི་རྩོད་ཉོག་ལ་རྒོལ་གཏུག་བྱས་ནས་ཁྲིམས་ཁང་ནས་འགྲིམ་འགྲུལ་དོན་རྐྱེན་དོ་བདག་གི་ལུས་ཁམས་གནོད་འཚེར་སྐྱིན་ཚབ་འཇལ་བའི་གྱོད་གཞིར་ཁྲིམས་བཅད་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དམངས་དོན་གཏུག་བཤེར་རྫུན་བཟོས་བྱས་པར་ཁྲིམས་ལྟར་ཉེས་ཆད་བཅད་ནས་གྱོད་གཞི་ཁག7གཉེར་སྒྲུབ་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་ཀྱི་དངུལ་སྤྲོད་བཀའ་རྒྱའི་གཏུག་བཤེར་རྫུན་བཟོས་གྱོད་གཞི་ཐོག་མ་དེ་གཉེར་སྒྲུབ་བྱས་ནས་ཁེ་ལས་ལ་སྒོར་ཁྲི་100ཡི་གྱོང་གུན་སེལ་བ་རེད།
སྲིད་འཛིན་གཏུག་བཤེར་དང་སྲིད་འཛིན་བྱ་སྤྱོད་གཉིས་ཀར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། དམངས་འཚོའི་ཁེ་ཕན། ཚོང་གཉེར་ཁོར་ཡུག་བཅས་ལ་སྲིད་འཛིན་ཞིབ་དཔྱོད་ཀྱི་ཆེད་དོན་ལྟ་སྐུལ་སྤེལ་ཏེ། སྲིད་འཛིན་ཞིབ་དཔྱོད་གྱོད་གཞི་ཁག་1015སྒྲུབ་གཉེར་བྱས་པ་དང་དུས་མཚུངས་ལས་89.7%འཕར་བ་དང། སྲིད་འཛིན་ཁྲིམས་བཅད་དང་ལག་བསྟར་བྱེད་སྒོར་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་37བཏོན་པར་ཁྲིམས་ཁང་གིས་ཚང་མ་དང་ལེན་བྱས་ཡོད། “སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”བྱེད་པར་སྐུལ་འདེད་བཏང་ནས་ཁྲིམས་འཛིན་ཐིང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་སོགས་སྲིད་གཞུང་གི་སྡེ་ཚན་27དང་མཉམ་དུ་སྲིད་འཛིན་ལག་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་ཁག་42ལ་མིང་རྟགས་བཀོད་ནས་ཁྲིམས་སྒྱུར་དང་ཁྲིམས་འཛིན་གྱི་མཉམ་ཤུགས་ཆགས་པར་བྱས་ཡོད།
(པར་ངོས་བརྒྱད་པར་གཟིགས)(པར་ངོས་བདུན་པར་མཐུད) སྲིད་འཛིན་ལག་བསྟར་དང་ཉེས་དོན་ཁྲིམས་འཛིན“ལྡོག་ཕྱོགས་ཀྱི་འབྲེལ་མཐུད”བྱེད་ཤུགས་ཆེ་རུ་བཏང་ནས་ཞུ་གཏུག་མི་རྒྱག་རྒྱུ་གཏན་འཁེལ་བྱས་པའི་གྱོད་གཞིའི་རིགས་སྲིད་འཛིན་ལས་ཁུངས་ལ་བསྐྱལ་ནས་མི་244ལ་ཉེས་ཆད་བཅད་ཅིང་ཁྲིམས་འགན་འཁུར་དུ་བཅུག་ཡོད། སྲིད་འཛིན་ཁྲིམས་འགལ་བྱ་སྤྱོད་ལ་མཐིལ་རྟོགས་རྣམ་པའི་ལྟ་སྐུལ་བྱས་ནས་ཞིབ་དཔྱོད་གྲོས་འཆར་ཁག་395བཏོན་པར་འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་ཚད་93.2%ཟིན་ཡོད། སྲིད་གཞུང་ལ་དཀའ་གནད་སེལ་རོགས་དང་དམངས་ལ་བྱ་བ་དངོས་སྒྲུབ་རོགས་བྱས་ཏེ་སྲིད་འཛིན་རྩོད་ཉོག་ཁག18འདུམ་སེལ་བྱས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གྲངས་གཞི་ཆེན་མོ་བརྒྱུད་ནས་སྒྲིག་འགལ་ངང་ཁང་གླ་ཁེ་བའི་སྡོད་ཁང་བཟུང་སྤྱོད་བྱས་པའི་གནད་དོན་ཤེས་རྟོགས་བྱུང་བ་མ་ཟད། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་སྐུལ་འདེད་ཀྱིས་དུད་ཚང་89ཡིས་ཁང་པ་ཕྱིར་སློག་པར་བརྟེན་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ཁྲིམས་འཛིན་སྲིད་འཛིན་གྱིས་བཙན་ཐབས་སྤྱད་དེ་ལོགས་བཀར་དུག་གཅོད་བྱས་པར་ཞིབ་དཔྱོད་ལྟ་སྐུལ་གྱི་ཚོད་ལྟ་སྤེལ་ནས་དུག་གཅོད་མཁན་དུག་གཅོད་ཁང་དུ་འདུག་པ་དང་ཕྱིར་འདོན་པ། དེ་བཞིན་སྨན་བཅོས་དྲག་སྐྱེད་ཡོང་བ་བཅས་ཐད་ལྟ་སྐུལ་བསམ་འཆར་ཁག་16བཏོན་ཡོད།
སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལ་ཁྲིམས་འཛིན་རིན་ཐང་གིས་སྣེ་ཁྲིད་བྱ་རྒྱུ་འབུར་དུ་ཐོན་པ། 《རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དུས་རབས་གསར་པའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལག་བསྟར་གཏིང་ཟབ་བྱས་ཤིང་། སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་བཀོད་ཁྱབ་ཁོངས་ལ་དམིགས་ཏེ་བརྟག་དཔྱད་སྤེལ་ནས་གྱོད་གཞི་ཁག་1931གྱོད་ཁོངས་སུ་བཅུག་པ་དང་དུས་མཚུངས་ལས་4.7%འཕར་བ་དང་། སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁྲི་ཁུར་ནས་དག་ཐེར་ཡོ་བསྲང་ཁག་1735བྱས་ཡོད་པ། ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་ཁག་18བྱས་ཡོད། ལྗོངས་ཞིབ་དཔྱོད་ཁང་དང་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གྱོད་གཞི་གཉེར་སྒྲུབ་བྱེད་སྐབས་ས་འོག་ཚ་ནུས་ཀྱི་ཆུའི་ཐོན་ཁུངས་སྔོག་འདོན་བྱས་པ་ཚད་ལྡན་མེད་པའི་གནད་དོན་ཤེས་རྟོགས་བྱུང་བར་བརྟག་དཔྱད་དང་གྲོས་མོལ་ཟབ་སྤེལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་རིམ་པས་བྱ་ཐབས་བཏོན་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཀྱི་ས་ཁམས་དང་རྒྱུ་ནོར་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་གཞི་ཁག་120ཁྲིམས་ལྟར་གྱོད་ཁོངས་སུ་བཅུག་པ་མ་ཟད་རྒྱལ་ཁབ་ལ་དབང་བའི་མ་དངུལ་སྒོར་ཁྲི་7997.6ལྟ་སྐུལ་འོག་འདེད་ལེན་བྱས་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩྭ་མདའ་རྫོང་ཞིབ་དཔྱོད་ཁང་གིས་སྐུལ་འདེད་བྱས་པར་བརྟེན་རྫོང་སྲིད་གཞུང་གིས་ཤི་ཤེད་གནའ་ཤུལ་དང་མདའ་འབབ་གནའ་ཤུལ་ཉམས་གསོ་བྱས་ཡོད། རུ་ཐོག་རྫོང་ཞིབ་དཔྱོད་ཁང་གིས་གཉེར་སྒྲུབ་བྱས་པའི“བྲག་བརྐོས་རི་མོའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི”དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེའི་ནང་དུ་ཚུད་པ་རེད། སྤྱི་ཕན་སྲུང་སྐྱོབ་ཐད་སྤྱི་ཚོགས་ཀྱི་མཉམ་ཤུགས་ཆགས་རྒྱུར་དམིགས་ཏེ“སྤྱི་དོན་ཕན་སེམས”ལས་སྟེགས་སུ་དང་བླངས་པ920བསྡུ་ལེན་བྱས་ཡོད།
ཞིབ་དཔྱོད་མྱུལ་ཞིབ་དང་ལས་ཐོག་ཉེས་གསོག་ལ་ཞིབ་དཔྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ལྟ་ཞིབ་དང་ཞིབ་དཔྱོད་ཀྱི་གྱོད་སྒྲུབ་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་ཆེ་རུ་བཏང་སྟེ། ལས་ཐོག་ཉེས་གསོག་གྱོད་གཞི་ཁག་77ལ་སྔ་སྣུར་དུ་ཐེ་ཞུགས་བྱས་ནས་མི་69འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱས་པ་དང་། མི་87ལ་གཞུང་གཏུག་བྱས་པ། ཁྲིམས་ཁང་གིས་ཉེས་ཡོད་ཁྲིམས་གཅོད་བྱས་པ་མི་110(གྱོད་གཞི་ཐོ་འགོད་བྱས་པ་ཚུད་པ)ཟིན་པ། ཉེས་གསོག་ཡོང་འབབ་སྒོར་དུང་ཕྱུར་1.89འདེད་ལེན་བྱས་ནས་རྒྱལ་མཛོད་དུ་བཅུག་ཡོད། དབང་འདུས་དང་། ལིའུ་ཧུའུ་ཧྲན། ཕུན་ཚོགས། དབྱང་ཀོང་མིང་སོགས་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་17ལ་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། གྱོད་གཞི་གཉེར་སྒྲུབ་བྱེད་སྐབས་སུ་ཤེས་རྟོགས་བྱུང་བའི་གཞུང་ལས་མི་སྣའི་སྒྲིག་འགལ་ཁྲིམས་འགལ་གྱི་ཁུངས་སྣེའི་རིགས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་ཐག་གཅོད་བྱ་རྒྱུར་སྤྲད་པ་ཁག་27ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་མྱུལ་ཞིབ་གཞུང་ལས་ཁང་གི་ཁྲིམས་འཛིན་མི་སྣའི་ལས་གནས་འགན་འཛོལ་ཉེས་གསོག་གི་གྱོད་གཞི་ཁག་6གི་མི་6ཐད་ཀར་གྱོད་ཁོངས་སུ་བཅུག་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ཐག་གཅོད་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་སུ་སྐབས་བསྟུན་མྱུལ་ཞིབ་དབང་ཆ་ཐོག་མར་སྤྱད་ནས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་འགེབས་སྲུང་དང་རྒྱ་ཡན་གཏོང་མཁན་ཉེས་གསོག་དོགས་ཅན་དེ་སྔའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཧན་ཆེ་གོ་མོ་ཐད་ཀར་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་རེད།
ལྔ། ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་བ།
“ཞིབ་དཔྱོད་ལས་དོན་དེང་རབས་ཅན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བ”ལྟེ་བའི་ལས་འགན་འདི་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཟུང་ནས། བོད་ཀྱི་ཞིབ་དཔྱོད་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
དཔུང་ཁག་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་དུ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་ཀྱིས། ཏང་ཨུད་ཀྱི་འགོ་ཁྲིད་ཀྱིས་ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་ཡོད། ལས་བྱེད་པ་འདེམས་བསྐོའི“སྙན་ཞུ་གཅིག་དང་དཔྱད་གླེང་གཉིས”དང་། ཞིབ་དཔྱོད་དཔོན་སྒྲིག་གྲངས་ལྟར་འདེམས་འཇུག་དང་རིམ་པ་ལྟར་འདེམས་འཇུག་བྱེད་པ། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་བར་བརྟེན། སྐད་གཉིས་ཤེས་ལྡན་མི་སྣ་དང་། ལས་སྒོའི་ཆེད་མཁས་པ། ན་གཞོན་ལས་བྱེད་པ་བསྐོ་འཐེན་དང་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། མི་ཐེངས་3644ལ་ཆབ་སྲིད་ཀྱི་རེས་སྐོར་སྦྱོང་བརྡར་དང་ལས་སྒོའི་སྦྱོང་བརྡར་སྤྲས་པ་དང་། ལས་བྱེད་ཉེན་རྟོག་པ་8ཆེས་མཐོའི་ཞིབ་དཔྱོད་ཁང་དུ་ལག་ལེན་སྦྱོང་བརྡར་ལ་འདེམས་མངགས་བྱས་ཡོད། མཉམ་སྡེབ་1དང་མི་སྒེར་1ཆེས་མཐོའི་ཞིབ་དཔྱོད་ཁང་གིས“བྱས་རྗེས་རིམ་པ་དང་པོའི”མཚན་ཐོར་བཀོད་པ་དང་། ཚན་པ་13རྒྱལ་ཡོངས“དཔེ་བཟང་ཞིབ་དཔྱོད་ཁང”དང་། “བཟོ་པ་གདོང་ལེན་པ” “བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ” “གཞོན་ནུ་དང་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་བྱེད་གནས”བཅས་སུ་བདམས་པ་དང་། བློ་མཐུན་5ལ་ཁག་སོ་སོར་རྒྱལ་ཡོངས་ཀྱི“དཔེ་བཟང་ཞིབ་དཔྱོད་དཔོན”དང་། “ཕུལ་བྱུང་གཞུང་གཏུག་པ” “ལས་སྒོའི་འཇོན་ཐང་ཅན” “བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མི་སྒེར”སོགས་ཀྱི་མཚན་སྙན་ཐོབ་ཡོད།
དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཞིབ་དཔྱོད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་ཞིབ་དཔྱོད་ཁང་གི་རྒྱུ་དངོས་གཅིག་འདོམས་ཀྱི་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་གཞི་གཅིག་ཐོག་འགན་སྒྲུབ་དང་། ཕྱོགས་བསྡུས་ངང་འགན་སྒྲུབ། རང་འགུལ་གྱིས་འགན་སྒྲུབ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། “གཅིག་འཐུས་རྣམ་པའི”རོགས་ཁྲིད་དང་། གཞི་གཅིག་ཅན་གྱི་གྱོད་གཞི་གཉེར་སྒྲུབ་ཀྱི་ལས་ཀ་སྤེལ་བར་བརྟེན། རིམ་གྲས་ལས་བརྒལ་བ་དང་། སྡེ་ཚན་ལས་བརྒལ་བ། ས་ཁུལ་ལས་བརྒལ་བ་བཅས་ཀྱི་གྱོད་གཞིའི་རིགས་བོད་སྐྱོར་ལས་བྱེད་པ་དང་ས་གནས་ཁག་གི་ལས་སྒོའི་རྐང་འཛིན་པར་སྤྱི་འདོམས་ཀྱིས་གཉེར་སྒྲུབ་བྱས་པས། གྱོད་གཞི“སྒྲུབ་མཁན་མེད་པ”དང“སྒྲུབ་མི་ཐུབ་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། གྱོད་གཞི་གཉེར་སྒྲུབ་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། གྱོད་གཞི་ཁག་835ལ་རྗེས་འདེད་དཔྱད་བཤེར་དང་གྱོད་གཞི་ཁག་510ལ་ལས་རིམ་ལྟ་འདོམས་བྱས་ཡོད། རོགས་སྐྱོར་ཐོབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མ་དངུལ་སྒོར་ཁྲི་2590.5མཐུན་སྦྱོར་དོན་འཁྱོལ་བྱས་པ་དང་། ལས་སྒོའི་རྐང་འཛིན་པ་84བོད་དུ་“རོགས་རམ་དང་སྣེ་ཁྲིད”བྱེད་པར་ལས་སྒྱུར་བྱས་པ། གྱོད་གཞི་109ལ“མཉམ་འདུས་བརྟག་དཔྱད”བྱས་ཡོད།
གྲངས་འཛིན་ཞིབ་དཔྱོད་ལ་སྐུལ་འདེད་བཏང་བ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་གྲངས་གཞི་ཆེན་མོའི་སྡེ་ཚན་ལས་བརྒལ་བའི་ལས་སྟེགས་སྤྱད་དེ་གྱོད་གཞི་ཁག་7070གཉེར་སྒྲུབ་དང་གྱོད་གཞི་ཁག3384མཉམ་དུ་གཉེར་སྒྲུབ་བྱས་ཤིང་། གནད་དོན་ཁག་600ལྷག་ཙམ་ཤེས་རྟོགས་བྱུང་ནས་ཐག་གཅོད་བྱས་ཡོད། རང་འགུལ་ངང“གྲངས་འཛིན་བོད་ལྗོངས”འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞུགས་ནས་གྲངས་གཞི་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲངས་འཛིན་ཞིབ་དཔྱོད་གྱི་ལྟ་སྐུལ་དཔེ་དབྱིབས་ཁག་65འཛུགས་གཏོད་བྱས་པས་བཅའ་ཁྲིམས་ལྟ་སྐུལ་གྱི་བསམ་གཞི་དང་བྱེད་སྟངས་བརྗེ་སྒྱུར་བྱེད་པར་སྐུལ་སྤེལ་བཏང་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གི“ཐད་གཏུག་ཕབ་ལེན”གྱི་གྱོད་ཁོངས་སུ་འཇུག་པའི་ལྟ་སྐུལ་དཔེ་དབྱིབས་ལ་རྒྱལ་ཡོངས་ཀྱི་གྲངས་གཞི་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་དཔེ་དབྱིབས་འགྲན་སྡུར་ལས་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ཕྱོགས་ཡོངས་ནས་ཞིབ་དཔྱོད་དང་ཞིབ་དཔྱོད་ཁང་ལ་བཅོས་སྐྱོང་ནན་པོ་བྱས་པ། ཁོངས་གཏོགས་ནང་ཁུལ་གྱི་ཆབ་སྲིད་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་པ་སྟེ། ལྷ་ས་དང་། ལྷོ་ཁ། མངའ་རིས་བཅས་གྲོང་ཁྱེར་རིམ་པའི་ཞིབ་དཔྱོད་ཁང་3དང་དེའི་ཁོངས་གཏོགས་ཀྱི་རྫོང་རིམ་པའི་ཞིབ་དཔྱོད་ཁང་21ལ་ཆབ་སྲིད་ལྟ་ཞིབ་ཐེངས་དང་པོ་བྱས་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་སྐོར་ཞིབ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གི“སྐོར་ཞིབ་ཆུང་གྲས” ནང་ཁུལ་གྱི་རྩིས་བཤེར། དྲ་རྒྱའི་བདེ་འཇགས། ཆ་འཕྲིན་ཅན་གྱི་རྩིས་བཤེར་བཅས་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དོན་འཁྱོལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། “གཏན་འབེབས་གསུམ”དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཟིན་ཐོ་ཁག་686སྙན་སེང་ཞུས་པ་དང་། ཟིན་ཐོར་བཀོད་པའི་ཞིབ་དཔྱོད་མི་སྣ་48ལ་ཞིབ་བཤེར་བྱས་ཡོད། གྲི་དངོ་རང་གཏད་ཀྱིས་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་ཞིབ་དཔྱོད་མི་སྣ་8ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཁྲིམས་སྒྱུར་ཚད་ལྡན་མེད་པར་ཞིབ་དཔྱོད་འགན་འཁྲི་ལས་འགལ་རིགས་ལ“ཐབས་རྣམ་བཞིའི”ཐོག་ནས་ཐག་གཅོད་བྱས་པའི་མི་13ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་བཅས་རང་རྟོགས་ཀྱིས་དང་ལེན་བྱས་ཡོད། འཐུས་མི་དང་། ཨུ་ཡོན། མི་དམངས་ལྟ་སྐུལ་པ་བཅས་མི་ཐེངས་3436དཔང་ཉན་བྱེད་པར་གདན་འདྲེན་ཞུས་ཤིང་། མི་ཐེངས་1285ཞིབ་དཔྱོད་ལས་དོན་ལ་གཟིགས་ཞིབ་དང་མཛུབ་སྟོན་བྱེད་པར་ཡོང་ཡོད། ལྗོངས་མཐོ་རིམ་ཁྲིམས་ཁང་དང་སྤྱི་བདེ་ཐིང་དབར་སྤེལ་རེས་གྲོས་མོལ་གྱི་ལམ་སྲོལ་བཙུགས་ནས་མཉམ་ལས་དང་ཚོད་འཛིན་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་གཏིང་ཟབ་བྱས་པ་སྟེ། གྱོད་གཞིའི་གོ་རིམ་ཅན་གྱི་ཆ་འཕྲིན་4601དང་། བཅའ་ཁྲིམས་ཡིག་རིགས་282ཁྱབ་བསྒྲགས་བྱས་ནས་མི་དམངས་མང་ཚོགས་ལ་གྱོད་གཞི་ཤན་འབྱེད་དང་ཁྲིམས་འཛིན་དྲང་གཞག་ཉམས་སུ་མྱོང་བར་བཅུག་ཡོད།
འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ་ཐོབ་པའི་ལས་ཀའི་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་དབུ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་པ་དང་། འགག་རྩ་ནི་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་ལ་ཐུག་ཡོད་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། དེ་བཞིན་རིམ་པ་ཁག་ཏང་སྲིད་ལས་ཁུངས་དང་། འཐུས་མི་དང་ཨུ་ཡོན་རྣམ་པ། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་རོགས་རམ་བཅས་བྱས་པའི་འབྲས་བུ་ཡང་ཡིན་པས། ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོས་ཀྱང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཏང་དང་མི་དམངས་ཀྱི་བླང་བྱ་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་སྟེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཐོས་བསམ་མྱོང་རྟོགས་བྱ་རྒྱུ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དེ་བས་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་པ་དང་། གཉིས་ནི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་ལ་འགན་འཁྲི་འཁུར་བ་བཅས་ཀྱི་ཐད་ད་དུང་བྱ་ཐབས་ཤུགས་ཆེར་གཏོང་བ་དང་དངོས་ཕན་ཐོན་རྒྱུར་ཤུགས་རྒྱག་དགོས་པ། གསུམ་ནི་སྤུས་ཕྱོད་གཉིས་ལེགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེ་ནས་གཉེར་སྒྲུབ་བྱེད་པར་ཕྱོགས་ཡོངས་ནས་ལྟ་སྐུལ་དང་། ཚད་ལྡན་ལྟ་སྐུལ། གནད་འཕིགས་ལྟ་སྐུལ་བྱ་རྒྱུའི་ཐད་ད་དུང་མུ་མཐུད་དེ་འབད་བརྩོན་བྱེད་དགོས་པ་བཅས་སོ། ང་ཚོས་མ་ལག་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིགས། རྨང་བརྟན་གྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་དཀའ་གནད་གསེད་བཀྲོལ་དང་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱ་རྒྱུ་ཡིན།
2024ལོའི་ལས་ཀའི་བཀོད་སྒྲིག
ད་ལོར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག “དོན་ཆེན་བཞིར”དམིགས་ཤིང་། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་གྱིས《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་དོན་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་ལ་འགན་འཁྲི་འཁུར་བ་བཅས་བྱ་རྒྱུ་དང་། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་སྤུས་ཕྱོད་གཉིས་ལེགས་ཀྱིས་གྱོད་གཞི་རེ་རེ་བཞིན་ཡག་པོར་གཉེར་སྒྲུབ་བྱས་པར་བརྟེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་ཧུར་ཐག་བྱ་རྒྱུ་ཡིན།
གཅིག་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པས་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་འཁྲི་འགན་མཐའ་གཅིག་ཏུ་འཁུར་རྒྱུ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། “གཏན་འཁེལ་གཉིས”ལ་གོང་བཀུར་རྩེ་གཅིག་ཏུ་ཞུ་རྒྱུ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རང་མདངས་གསལ་ཤོས་སུ་བརྩི་རྒྱུ་དང་། ཆབ་སྲིད་ལ་དོ་སྣང་བྱ་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ། མུ་མཐུད་ཁྲིམས་ལྟར་དང་། བློ་དཀར། ཕྱོགས་ཡོངས། མཐུན་སྦྱོར། གང་ལེགས་བཅས་ཀྱི་ཐོག་ནས་འགན་འཁྲི་ལེགས་སྒྲུབ་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ནག་ཉེས་རིགས་ལ་ཐོག་མཐའ་བར་གསུམ་དུ“དམ་ནན”གྱི་བྱ་ཐབས་མཐའ་འཁྱོངས་དང་། ནག་ཉེས་ཆུང་གྲས་དང་ནག་ཉེས་བྱེད་སེམས་ཆེན་པོ་མེད་རིགས་ལ་ཁྲིམས་ལྟར“གུ་ཡངས”ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དམ་ནན་དགོས་སར་དམ་ནན་དང་། གུ་ཡངས་དགོས་སར་གུ་ཡངས་བཏང་ནས་དམ་ནན་དང་གུ་ཡངས་ཟུང་འབྲེལ་ཐུབ་པ་བྱ་རྒྱུ་དང་། ཉེས་བཅོས་དང་བཅོས་སྐྱོང་གཉིས་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་རིགས་འདྲ་མིན་གྱི་ལྟ་སྐུལ་གཞན་དག་མཐུན་སྦྲེལ་མཉམ་སྒྲུབ་ཐུབ་རྒྱུར་ནན་ཏན་བྱས་ཏེ་བཅའ་ཁྲིམས་ལྟ་སྐུལ་གྱི་ལེགས་ཆ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ལེགས་ཆར་འགྱུར་བར་བྱ་རྒྱུ། རྣམ་གྲངས་གལ་ཆེན་དང་། ཁྱད་ལྡན་ཐོན་ལས། རྣམ་གསར་གྲོང་རྡལ་ཅན། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བ་བཅས་ལ་ཞབས་འདེགས་དང་འགན་སྲུང་ཤུགས་ཆེན་བྱས་ཏེ། མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ཕན་སྐུལ་བྱ་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་སའི་ཁྲིམས་འཛིན་སྲུང་ཡོལ་བརྟན་པོ་འཛུགས་རྒྱུ། མཐའ་བརྟན་མཐའ་དར་དང་མཐའ་སྟོབས་ཀྱི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་དང་། དམག་དཔུང་དང་ས་གནས་དབར་གྱི་མཉམ་ལས་དང་ཕྱི་ཕྱོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་དར་རྒྱས་གོང་འཕེལ་འགྲོ་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་བཅས་ཡིན།
གཉིས་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་སྤྲས་པའི་འགན་ནུས་ངེས་གནས་ཡིད་ལ་བརྟན་པོར་ངེས་ཏེ་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཁྲིམས་ལྟར་ལག་བསྟར་ཡང་དག་བྱ་རྒྱུ། “ཁྲིམས་བཀོད་འགན་འཁྲི་ངེས་པར་བསྒྲུབ་རྒྱུ”མཐའ་འཁྱོངས་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲིར་དམ་འཛིན་གྱིས་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་བྱས་ཏེ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། “སྤུས་ཕྱོད་གཉིས་ལེགས་ཀྱིས་གྱོད་གཞི་རེ་རེ་ཡག་པོར་བསྒྲུབ་རྒྱུ”མཐའ་འཁྱོངས་བྱས་ཏེ། གནད་འཕིགས་ལྟ་སྐུལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། གཞོགས་འདེགས་ལ་མཐོང་ཆེན་དང་གཅུན་སྡོམ་ལ་ཤུགས་སྣོན་གྱིས་ཁྲིམས་འཛིན་དྲང་གཞག་ཡོང་བར་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤུས་ཕྱོད་གཉིས་ལེགས་ཀྱིས་གྱོད་གཞི་གཉེར་སྒྲུབ་ཀྱིས་བཅའ་ཁྲིམས་ལྟ་སྐུལ་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱ་རྒྱུ། ཉེས་དོན་ཞིབ་དཔྱོད་བྱེད་པར་དཔང་རྟགས་ལྟེ་བར་འཛིན་པའི་ཉེས་དོན་ཞུ་གཏུག་མ་ལག་འཛུགས་པའི་འགན་འཁྲི་གཙོ་བོ་ཁུར་ཏེ། འདྲི་གཅོད་མ་བྱས་གོང་གི་དབྱེ་འབྱེད་གནད་འཛིན་དང་ཉེས་གཏུག་བྱས་པའི་ནག་ཉེས་བདེན་དཔང་ཐུབ་པ་སོགས་ཀྱི་ནུས་པ་གང་ལེགས་འདོན་རྒྱུ། དམངས་དོན་ཞིབ་དཔྱོད་བྱེད་པར“ཆེད་ལས་མིན་པའི”གནད་དོན་ལ་དམིགས་ཤིང་། དམངས་དོན་འདུམ་འགྲིག་དང་གཏུག་བཤེར་རྫུན་མའི་རིགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འཛོལ་ཁྲིམས་གཅོད་དང་ཁྲིམས་འགལ་ལག་བསྟར་སོགས་ཀྱི་བྱ་སྤྱོད་ལ་ལྟ་སྐུལ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ། སྲིད་འཛིན་ཞིབ་དཔྱོད་ཀྱིས་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱ་རྒྱུ་དེ་རྨང་རྡོ་དང་། སྲིད་འཛིན་གྱི་རྩོད་ཉོག་བསལ་རྒྱུ་དེ་སྣེ་ཁྲིད། སྲིད་འཛིན་གཏུག་བཤེར་མིན་པ་ལག་བསྟར་བྱ་རྒྱུ་དེ་འཕར་གཞི་གསར་པ་བཅས་སུ་བརྩིས་ཏེ། སྲིད་འཛིན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕྱོགས་གཉིས་འབྲེལ་མཐུད་ཐུབ་པ་བྱ་རྒྱུ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱེད་པར་ཁྲིམས་བཀོད་ཁྱབ་ཁོངས་ཀྱི་གྱོད་གཞི་གཉེར་སྒྲུབ་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ། སྣེ་ཁྲིད་རང་བཞིན་ཆེ་བ་དང་ཕྱོགས་བསྡུས་ཕན་འབྲས་བཟང་བའི་གྱོད་གཞི་མང་ཙམ་བསྒྲུབ་རྒྱུ། ཞིབ་དཔྱོད་མྱུལ་ཞིབ་བྱེད་པར“ལྗོངས་ཞིབ་དཔྱོད་ཁང་གིས་གཙོ་ཁྲིད་དང་། གྲོང་ཁྱེར་ཡན་ལག་ཞིབ་དཔྱོད་ཁང་གིས་གཙོ་འགན་འཁུར་བ། གཞི་རིམ་ཞིབ་དཔྱོད་ཁང་ཐེ་ཞུགས”བཅས་བྱེད་པའི་གྱོད་གཞི་གཉེར་སྒྲུབ་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས། མྱུལ་ཞིབ་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དང་གྱོད་གཞི་གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།
གསུམ་ནི་ཕྱོགས་ཡོངས་ནས་ཞིབ་དཔྱོད་ལས་དོན་དེང་རབས་ཅན་དུ་འགྱུར་བའི་ནང་དོན་ཟབ་མོ་ཁོང་དུ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། རང་རྟོགས་ཀྱིས་ཞིབ་དཔྱོད་ལས་དོན་དེ་ཏང་གི་བོད་སྐྱོང་བོད་བརྟན་དང་བོད་དར་གྱི་སྤྱི་ཡོངས་བྱ་གཞག་ཁྲོད་བཞག་ནས་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་ཞིབ་དཔྱོད་ཀྱི་ཆོས་ཉིད་ལ་བརྩི་སྲུང་དང་། གཞི་རིམ་གྱི་རྨང་གཞིར་དམ་འཛིན། གྲངས་འཛིན་གྱི་སྦྱིན་ནུས་ཆེར་སྐྱེད་བཅས་བྱེད་པ་དང་། བཅའ་ཁྲིམས་ལྟ་སྐུལ་གྱི་བསམ་གཞི་དང་། མ་ལག ལམ་སྲོལ། ནུས་པ་བཅས་དེང་རབས་ཅན་དུ་འགྱུར་བར་གཅིག་འདོམས་དང་མ་ལག་ཚང་བའི་སྒོ་ནས་སྐུལ་འདེད་གཏོང་བ། ཆབ་སྲིད་དང་། ལས་སྒོ། དཔུང་ཁག གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་ལ་བརྟེན། བཅའ་ཁྲིམས་ལྟ་སྐུལ་གྱི་ནུས་པ་དང་སྤུས་ཕྱོད་ལེགས་སུ་གཏོང་བར་ནུས་ཤུགས་འདོན་རྒྱུ་དང་། ཁྱོན་ཡོངས་ནས་ཏང་ལ་དོ་དམ་དང་ཞིབ་དཔྱོད་བཅོས་སྐྱོང་དམ་ནན་བྱ་རྒྱུའི་བྱེད་པོའི་འགན་འཁྲི་ནན་དཀྲིས་ཀྱིས་སྐོར་གཟིགས་དག་ཐེར་གྱི“མཇུག་འཕྲོའི་ལས་དོན”ནན་སྒྲུབ་དང“གཏན་འབེབས་གསུམ”དོན་འཁྱོལ་ནན་པོ། “རུལ་སུངས་མི་བྱེད་པ་གསུམ”གཞི་གཅིག་ངང་སྐུལ་སྤེལ་བཅས་བྱ་རྒྱུ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སྒྱུར་གྱིས“དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ”བཞི་ལ་བརྟེན་ནས་བྱང་ནུས་ཆེར་སྐྱེད་དང་། སྤུས་ཕྱོད་གཉིས་ལེགས་ཡོང་བར་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་དང་། ཐེག་པ་ཁུར་ལེན་དང་དངོས་སྒྲུབ། སྤྱོད་གཙང་ལས་ཕྱོད་ཆེ་བ་བཅས་ཀྱི་མཐོ་སྒང་གི་ཞིབ་དཔྱོད་དམག་ཧྲག་ཅིག་འཛུགས་གཏོད་ཧུར་ཐག་བྱ་རྒྱུ་བཅས་ཡིན།
འཐུས་མི་རྣམ་པ། ལོ་གསར་པའི་ནང་། ཞིབ་དཔྱོད་ལས་དོན་གྱི་འགན་འཁྲི་བླ་ན་མེད་ཅིང་ལས་འགན་དེ་བས་ལྕི་བ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ལྷག་བསམ་རྣམ་དག་གིས་ལས་འགན་གཙང་སྒྲུབ་དང་ཐེག་པ་ཁུར་ལེན་གྱིས་དངོས་སྒྲུབ་བྱ་རྒྱུ་སྟེ། ལྟ་སྐུལ་བྱེད་ཕོད་པ་དང་། ལྟ་སྐུལ་བྱེད་མཁས་པ་བྱ་རྒྱུ་ཡིན་ལ། རང་ངོས་ལ་ཡང་ལྟ་སྐུལ་བྱེད་ཕོད་པ་བྱས་ཏེ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)