འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་རོང་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱིས“ཆབ་མདོར་ལྟ་བའི”བྱེད་སྒོར་ཞུགས་མཁན་མང་ཚོགས་ཁག་དང་པོའི་འཐུས་མི་སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་དང་མཐའ་འཁོར་ས་ཁུལ་ལ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་གསར་པ་དང་འཕོ་འགྱུར་གསར་པས་རྫོང་དེའི་ཤིང་རོང་ཤང་དང་གདགས་རོངས་ཤང་གི་ཞིང་འབྲོག་པའི་འཐུས་མི་13ལ་བག་ཆགས་ཟབ་མོ་བཞག་ཡོད། “ལོ་བཅུ་གྲངས་གོང་ང་ཆབ་མདོ་གྲོང་ཁུལ་དུ་ཡོང་མྱོང་ཡོད། སྐབས་དེ་དུས་ལམ་བདེ་པོ་མེད་པས་ཉིན་གཉིས་འགོར་གྱི་ཡོད། ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ནས་ཆུ་ཚོད་བཞི་ལ་འབྱོར་གྱི་འདུག སྔོན་ཆད་དང་བསྡུར་ན། གཞུང་ལམ་སྔར་བས་ཞེང་ཁ་ཆེ་རུ་དང་ཁོར་ཡུག་སྔར་བས་གཙང་དུ་ཕྱིན་འདུག”ཅེས་གྲོང་ཁུལ་དུ་ལྟ་སྐོར་བྱེད་སྐབས། ཤིང་རོང་ཤང་ཐང་ནག་གྲོང་ཚོའི་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཚེ་རིང་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། མང་ཚོགས་ཀྱི་འཐུས་མི་དང་བཅས་པས་དང་ཐོག་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དང་ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་ནས། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱུང་བའི་ལོ་རྒྱུས་དང་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པའི་འོད་སྟོང་འབར་བའི་རིག་གནས་ཤེས་རྟོགས་བྱས་པ་དང་། དེ་རྗེས་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་དང་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོའི་ཐོན་ལས་གླིང་ཆུང་གྲས་དང་། ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་རྟེན་གཞི། འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོ་སོགས་སུ་བསྐྱོད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་སློབ་སྦྱོང་བྱས་པ་རེད།
“ཐེངས་འདིའི་ཞིང་འབྲོག་མང་ཚོགས་ཀྱིས‘ཆབ་མདོའི་འཕོ་འགྱུར་ལྟ་བའི’བྱེད་སྒོ་མཇུག་འགྲིལ་རྗེས། ང་ཚོས་མང་ཚོགས་དགུན་དལ་གྱི་དུས་སྐབས་སྤྱད་དེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11གི་ཞིང་འབྲོག་པ་500ལྷག་ཙམ་ཁག་བགོས་ཏེ་ཆབ་མདོ་གྲོང་ཁྱེར་དང་མཐའ་འཁོར་ས་ཁུལ་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཁྲིད་རྩིས་ཡོད”ཅེས་ཐེངས་འདིའི་བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)