《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月31日

ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།

ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ལིའུ་ཅང་ཚོགས་འདུར་ཞུགས་པ།

ཟླ་1ཚེས་29ཉིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

ཟླ་1ཚེས་29ཉིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློའི་འདུ་ཤེས་གསར་བརྗེས་བྱེད་པ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིའུ་ཅང་དང་། ཝང་ཝུའེ་ཏུང་། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཚོགས་འདུར་ཞུགས་པ། དབང་ཧའེ་ཀྲོའུ་ཡིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་ཀྱིས་ཐོག་མའི་གསར་གཏོད་རང་བཞིན་དང་། དམིགས་བསལ་གྱི་གསར་གཏོད་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་རབ་དང་རིམ་པ་གསལ་པོར་བཏོན་པ་དང་། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་མ་ཟད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཡང་གྲུབ་སྟེ་ང་ཚོས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་མཚོན་ཆ་ཆེན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་ཁུར་ནས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་དང་ཏན་ཏིག་སྤྲོས་པར་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་དུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་བསམ་བློ་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གཏིང་ཟབ་ཏུ་གཏོང་བ་དང་། ནང་སེམས་སུ་འཇགས་པ། གཞན་སྒྱུར་བྱེད་པ་བཅས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་ཏན་ཏིག་སྒྱུར་བ་བྱེད་དགོས། “སྣེ་གཉིས་ལ་དམ་འཛིན་གྱིས་བར་ལ་སྐུལ་ཁྲིད”བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམིགས་བྱ་ཅན་དང་། ཚོགས་རིགས་དབྱེ་བ། མང་ཚོགས་དང་འབྲེལ་འདྲིས་བཅས་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་ཁྱབ་གདལ་རྒྱ་ཁྱབ་ཏུ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གོ་བདེ་ཅན་དང་སྤྱི་དམངས་ཅན་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་གོ་ཐུབ་པ་དང་། སེམས་ལ་འཇགས་ཐུབ་པ། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ངོ་མ་ཡོང་བར་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

ཡིད་ཆེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཤིང་། གླེང་ཕྱོགས་ཁྲིད་སྟོན་གྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཚོགས་རིགས་དབྱེ་བ་དང་ཁྱད་པར་ཅན་གྱི་བརྒྱུད་བསྒྲགས་ཀྱི་འཕེལ་ཕྱོགས་དང་རྒྱུན་ཆད་མེད་པར་འཚམ་པར་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས། དྲང་ཕྱོགས་ནས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཁྲིད་སྟོན་གྱི་རྣམ་པ་གསར་པ་གང་མགྱོགས་གཏོད་དགོས་པ་དང་། དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གང་ཐུབ་བསྟུན་ནས་ལས་ཀའི་བྱེད་ཐབས་དང་། ལས་ཀའི་གཞི་རྟེན། ལས་ཀའི་ལམ་སྲོལ་བཅས་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། སྨྱན་སྦྱོར་མཉམ་འདྲེས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྨྱན་སྦྱོར་གསར་པ་སྤྱོད་མཁས་པོ་བྱེད་པ། ལེགས་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། དྲིལ་བསྒྲགས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། འཚོ་བའི་དོན་དངོས་དང་ཉེ་བཅར་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པའི་ཕུལ་བྱུང་གི་བརྩམས་ཆོས་མང་ཙམ་གསར་རྩོམ་བྱེད་པ། དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ངན་འདོམས་བཟང་སྤེལ་དང་བཟང་བསྟོད་ངན་སྨད་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཐུན་མོང་ཐོག་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང“དུས་རབས་ཀྱི་མིག་དཔེ”སོགས་སྔོན་ཐོན་དཔེ་བཟང་གི་དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་མིག་ལྟོས་ཡར་འདྲེན་དང་བཟང་བཀུར་དགེ་ཕྱོགས་ཀྱི་ཤེས་དཔལ་གྱི་དར་སྲོལ་གསར་པ་གཏོད་དགོས། བསམ་པའི་དཔལ་ཡོན་འཛུགས་གཏོད་གཏིང་ཟབ་བྱེད་པ་དང་། “རིག་གནས་མཐའ་མཚམས་སུ་ཁྱབ་གདལ་གཏོང་བའི”འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་འགན་སྲུང་བྱས་ནས་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་དང་མཐུན་པ་དང་། མང་ཚོགས་ཀྱིས་དགའ་པོ་བྱེད་པ། སྐྱོན་བྲལ་ཡར་ཐོན་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་འདོན་དགོས་པ་དང་། རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་དང་བསམ་འཆར་བཟོ་བ་དང་། ལག་ལེན་བསྟར་བ་དང་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་དེང་རབས་ཅན་གྱི་རིག་གནས་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས་པ། “ཐོན་ཁུངས་ནི་རྩ་བ་ཡིན་པ་དང་། ཁྱད་ཆོས་ནི་རྩ་བ་ཡིན་པ། རིག་གནས་ནི་བླ་སྲོག་ཡིན་པ། ཁྲོམ་ར་ནི་སྟོན་ཕྱོགས་ཡིན་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་ཁག་གཅིག་གཏོད་པ་དང་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་པ་དང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་བར་བྱེད་དགོས།

ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་དང་། བརྒྱུད་བསྒྲགས་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་སྤྱི་ཡོངས་ལ་རང་རྟོགས་ངང་བརྩི་བཀུར་དང་ཞབས་འདེགས་ཞུ་བ་དང་། བརྒྱུད་བསྒྲགས་ཀྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་བསྒྲགས་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཀུན་ནས་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས“ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལས་སྟེགས་ཀྱི་ནུས་པ་བཏོན་ཏེ། ཕྱི་ཕྱོགས་ཀྱིས་བོད་ལྗོངས་ཤེས་རྟོགས་ཐུབ་པ་དང་བོད་ལྗོངས་འདི་ཉིད་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་ཐུབ་པ་བྱེད་དགོས།

འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་མཐའ་གཅིག་ཏུ་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི“ལྟ་བ་ལྔ”བརྟན་པོ་འཛུགས་པ་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། ཆབ་སྲིད་མཁས་པས་ཚགས་པར་གཉེར་བ་དང་། དུས་དེབ་གཉེར་བ། ལེ་ཚན་གཉེར་བ། དྲ་བ་གཉེར་བ། སྨྱན་སྦྱོར་གསར་པ་གཉེར་བ་བཅས་མཐའ་འཁྱོངས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཡིན་པའི་དྲ་སྦྲེལ་ལ་དམ་པོར་དམིགས་པ། དྲ་སྦྲེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་དོ་དམ་དང་བེད་སྤྱོད་སྔར་ལས་ཡག་པོ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྤྱི་ཡོངས་ལས་དོན་གྱི་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། “སྲ་བརྟན་གཉིས”ཀྱི་རྩ་བའི་ལས་འགན་ལ་སྟངས་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་འདེམས་སྤྱོད་ཀྱི་ལས་དོན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་པའི་ནུས་རྩལ་ཀུན་འདོན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོ་ཆོད་སར་གཏོང་བ་དང་དུས་སུ་འཁེལ་བར་སྤྱོད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། “སྤྱོད་ཚུལ་བཞི”རྒྱུན་རྣམ་དང་ཕུགས་ཕན་ངང་ཡོ་བསྲང་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་རྩོམ་སྲོལ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་ཆུ་འགོ་ལྟ་བུར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དྲིལ་བསྒྲགས་འཕྲིན་སྤེལ་གྱི་ཀློག་ཐུབ་པའི་རང་བཞིན་དང་། ཉན་ཐུབ་པའི་རང་བཞིན། མཐོང་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་བརྒྱབ་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་འགན་དང་འགན་འཁྲི་ཏན་ཏིག་འཁུར་དགོས།

ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ཁྲོད་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ནུས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་གོ་བ་ལོན་པ་དང་ཁོང་དུ་ཆུད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཞུང་འཁྱོངས་གསར་འབྱེད་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། འདི་ལོའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཁྱད་ཆོས་གསར་པ་མངོན་པ་དང་། བཀྲག་མདངས་འཚེར་ས་གསར་པ་མངོན་པ། རྣམ་པ་གསར་པ་མངོན་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་། ལྗོངས་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག བོད་དུ་བཅའ་སྡོད་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་གཙོ་བོ། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་ས་རྟེན་གཞི་བཅས་ཀྱི་འགན་འཁུར་བློ་མཐུན། ས་ཁུལ་ཁག་གི་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

(ཉི་དོན་དང་དཀོན་མཆོག་སྒྲོལ་མས་སྒྱུར་ཞུས་བྱས)