2023ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ“བདེ་སྐྱིད་སྒོ་རྩར་སྐྱེལ་བའི”བྱ་སྤྱོད་སྤེལ་ཞིང་། རང་འགུལ་ངང་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་བསྡུ་རུབ་བྱེད་པར་བསྐྱོད་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་དཀའ་ངལ་འཕྲད་དུས་རོགས་རམ་བྱེད་མཁན་ཡོད་པ་དང་གནས་ཚུལ་ཐོན་དུས་ཐག་གཅོད་བྱེད་མཁན་ཡོད་པར་བྱས་ཡོད།
དོག་སྡེ་ཁྲོམ་གཞུང་པ་གཟིམ་གྲོང་ཚོའི་བོགས་གཏོང་ཁང་པ་སྒོ་རྟགས་ཨང་166པའི་ནང་པ་གཟིམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་ནོར་གྱིས་ངག་བཀྲ་ཁྱིམ་གྱི་གནས་ཚུལ་ངོ་སྤྲོད་བྱས་བྱུང་། ལོ་33ལ་སླེབས་པའི་ངག་བཀྲའི་ཕ་ཡུལ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ཡིན་མོད། འོན་ཏེ་ཕ་མ་གཉིས་པོ་སྔ་མོ་ནས་ལྷ་སར་ཚོང་རྒྱག་པར་ཡོང་སྟེ་འདི་གར་གཞིས་ཆགས། རྗེས་སུ་ཨ་མ་ནད་གཞིས་རྐྱེན་པས་འཚོ་བ་རང་རྐྱ་མི་འཕེལ་བའི་ཁར་ལོ་གཉིས་ཀྱི་གོང་ཁྱིམ་ཚང་དེའི་ངལ་ནུས་འདོན་མཁན་འབའ་ཞིག་ཡིན་པའི་ངག་བཀྲ་ལའང་ཁྲག་རྩ་འགག་པའི་ནད་གཞི་ཕོག“‘བདེ་སྐྱིད་སྒོ་རྩར་སྐྱེལ་བའི’བྱ་སྤྱོད་སྤེལ་རིང་། ང་ཚོས་ངག་བཀྲའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་ཁེ་ལས་སྒྲིག་འཛུགས་བྱས་ནས་ཁོ་ཚོར་འཚོ་བའི་མཁོ་ཆས་སྤྲད་པ་ཡིན། ཕྱིན་ཆད་ང་ཚོས་ད་དུང་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན”ཞེས་ཚེ་ནོར་གྱིས་བཤད།
དོག་སྡེ་ཁྲོམ་གཞུང་གི་ཁོངས་གཏོགས་ཁུལ་དུ་བོགས་གཏོང་ཁང་པ་མང་བ་དང་ཕྱོགས་མི་མང་བས་ཟིང་ཆེན་པོ་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱ་ཆེད་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་གཅིག་གྱུར་སྒྲིག་འཛུགས་འོག གྲོང་ཚོ་དང་གྲོང་ལྷན་ཁག་ཚང་མས་ཏང་ཡོན་དང་། གྲོང་ཚོ་དང་གྲོང་ལྷན་གྱི་ལས་དོན་པ། དྲ་མིག་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་སོགས་ལས་གྲུབ་པའི“བདེ་སྐྱིད་སྒོ་རྩར་སྐྱེལ་བའི”བྱ་སྤྱོད་ཚོགས་ཆུང་བཙུགས་ནས་དགོང་ལྟར་ཁྱིམ་དུད་རེ་རེ་བཞིན་ལ་འཚམས་འདྲི་བྱས་ཏེ་ཟླ་ཕྱེད་ནང་མང་ཚོགས་ལ་བཅར་འདྲི་ཐེངས་རེ་ཐུབ་པར་བྱས་ཡོད།
“ཁོངས་གཏོགས་ཁུལ་གྱི་ལམ་དུམ་འགའ་ཞིག་ཏུ་འཁོར་རིགས་གང་བྱུང་དུ་བཞག་ནས་འགྲོ་སྐྱོད་ཁག་པོ་འདུག་ཅེས་པའི་མང་ཚོགས་ཀྱི་གནས་ཚུལ་སྙན་སེང་འབྱོར་རྗེས་ང་ཚོས་ལམ་སེང་གཞུང་ལམ་རྒྱུད་དུ་རླངས་འཁོར་འཇོག་སའི་ཐིག་བརྒྱབ་པ་མ་ཟད། གང་བྱུང་དུ་བཞག་པའི་རླངས་འཁོར་དུས་ཐོག་ཏུ་ཐག་གཅོད་བྱས་པ་ཡིན”ཞེས་པ་སིམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“བདེ་སྐྱིད་སྒོ་རྩར་སྐྱེལ་བའི”བྱ་སྤྱོད་སྤེལ་བ་བརྒྱུད་གྲོང་ཚོ་ཨུ་ལྷན་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་མང་ཚོགས་ཀྱིས་གྲོང་ཚོ་ཨུ་ལྷན་གྱི་དྲོ་སྐྱིད་ཏན་ཏིག་ཚོར་བར་བྱས་ཡོད་ཅེས་བཤད།
དོག་སྡེ་ཁྲོམ་གཞུང་པ་སིམ་གྲོང་ཚོའི་ཁོངས་གཏོགས་ཁུལ་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཚོང་པ་དང་ལག་ཤེས་བཟོ་རྩལ་པ་བཅས་ཁྱོན་དུད་ཚང་500ལྷག་ཙམ་གྱི་མི་1200ལྷག་ཙམ་འདུས་ཡོད། དོག་སྡེ་ཁྲོམ་གཞུང་དུ“བདེ་སྐྱིད་སྒོ་རྩར་སྐྱེལ་བའི”བྱ་སྤྱོད་སྤེལ་རིང་། ཁོངས་གཏོགས་ཁུལ་གྱིས་རྒྱ་རིགས་དང་། བོད་རིགས། པའེ་རིགས། ཧུད་རིགས་སོགས་ལས་གྲུབ་པའི་མི་རིགས་མང་བའི་མཉམ་འབྲེལ་དྲིལ་བསྒྲགས་སྐོར་གཡེང་རུ་ཁག་རང་འགུལ་ངང་བཙུགས་ཏེ། དེ་གའི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་བདེ་འཇགས་སོགས་ལ་སྐོར་བཤེར་བྱེད་པ་དང་ཆབས་ཅིག དཀའ་ངལ་འཕྲད་སྐབས་ཚང་མས་ཕར་རོགས་ཚུར་རོགས་ཀྱིས་མཉམ་དུ་ཐག་གཅོད་བྱེད་ཀྱི་ཡོད།
“ད་ཆ་ང་ཚོ་སྐོར་གཡེང་རུ་ཁག་ལ་རུ་མི་160ལྷག་ཙམ་ཡོད་པ་དག་ཚོགས་ཆུང་མང་པོར་བགོས་ནས་དགོང་ལྟར་ཆུ་ཚོད་7པར་རུ་ཁག་གི་ཏང་ཡོན་གྱིས་ཚང་མའི་སྣེ་ཁྲིད་དེ་ལས་སྣོན་ཁྲོམ་རའི་རྒྱུད་ཀྱི་ཚོང་ཁང་ལ་སྐོར་གཡེང་ཞིབ་བཤེར་བྱས་ནས་ཚོང་དུད་ཁག་གི་གཉེར་སྐྱོང་གནས་ཚུལ་དང་། དཀའ་ངལ། དགོས་མཁོ་བཅས་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་ཀྲོའུ་ལིན་ཀའོ་ཡིས་འགྲོ་ཞོར་དུ་བཤད།
ཤེས་རབ་ཟླ་བ་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནས་ཡིན་ཞིང་། ལོ་14ནས་བཟུང་ཕ་ཡི་ས་ནས་ཟངས་ཆས་བཟོ་རྩལ་སྦྱངས་པ་དང་ན་ནིང་འདི་གར་ལས་ཀ་བྱེད་པར་ཡོང་། “འདི་གར་ཚོང་ཡག་པོ་འདུག འདི་གར་ཡོད་པའི་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཧ་ཅང་འཆམ་ཞིང་། འཚོ་བར་དཀའ་ངལ་འཕྲད་སྐབས་ཕར་རོགས་ཚུར་རོགས་བྱེད་ཀྱི་ཡོད་ལ་ལག་ཤེས་ཐད་ཀྱང་ཕན་ཚུན་སློབ་རེས་སྦྱོང་རེས་བྱེད་ཀྱི་ཡོད”ཅེས་ཤེས་རབ་ཟླ་བས་བཤད།
སྒོ་རྩར་དྲོ་སྐྱིད་བསྐྱལ་ནས་མི་སེམས་དྲོ་བར་བྱས། བསམ་འདུན་ཆུང་ངུ་སྒྲུབ་པའི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་མི་ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་པ་དང་། དོན་གྲོས་ཚོམས་ཆེན་བཙུགས་པ་བརྒྱུད་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཡོད། དེ་བཞིན་གཏམ་བཤད་འགྲན་བསྡུར་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་དོག་སྡེ་ཁྲོམ་གཞུང་གིས་སྤེལ་བའི“བདེ་སྐྱིད་སྒོ་རྩར་སྐྱེལ་བའི”བྱ་སྤྱོད་རབ་དང་རིམ་པ་ལས་མི་སེར་གྱི་འཚོ་བ་དྲོ་སྐྱིད་ལྡན་པར་གྱུར་ལ། ཁོངས་གཏོགས་ཁུལ་གྱི་མི་ཚང་མའི་སེམས་ནང་མཐུན་སྒྲིལ་གྱི་མེ་ཏོག་དང་བདེ་སྐྱིད་ཀྱི་མེ་ཏོག་ལྷུག་པོར་བཞད་ཡོད།
(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)