《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月30日

ཉིང་ཁྲི་གྲོང་ཁྱེར་གྱིས“བརྒྱ་ཟུང་གི་འཆར་གཞི”ལག་བསྟར་གནད་སྨིན་བྱས་ཏེ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཤེས་ལྡན་པའི་སྒུལ་ནུས་གཅིག་ཏུ་བསྒྲིལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། 2023ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ལས་དོན་གཞན་གྱི་སྔོན་ལ་སྤེལ་བའི་དགོས་མཁོར་དམིགས་ཏེ“བརྒྱ་ཟུང་གི་འཆར་གཞིའི”ཤེས་ལྡན་པའི་འདུ་འགོད་ལག་ལེན་གནད་སྨིན་བསྟར་ཏེ། བོད་སྐྱོར་སོགས་ཀྱི་ཐབས་ལམ་མང་པོ་གང་ལེགས་སྤྱད་ནས་ལོ་ལྟར་ཤེས་ལྡན་པ་100ལྷག་ཙམ་ཉིང་ཁྲིར་དུས་ཐུང་བོད་སྐྱོར་ལ་གདན་དྲངས་པ་དང་། ས་གནས་དེ་གའི་ཤེས་ལྡན་པ་100ལྷག་ཙམ་ལྗོངས་ཕྱིར་སློབ་སྦྱོང་ལ་མངགས་ཏེ། ཤེས་ལྡན་པ་མང་དུ་བཏང་ནས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་དགོས་མཁོ་བསྐངས་པས། ཉིང་ཁྲིས“ཁུལ་གཉིས་དང་ཆུས་ཁོངས”གཏོད་པའི་འདེགས་སྐྱོར་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཁ་ཕྱོགས་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ།

“བརྒྱ་ཟུང་གི་འཆར་གཞིའི”ཤེས་ལྡན་པ་དགོས་མཁོའི་དཀར་ཆག་བཟོས་པ་དང་ཆབས་ཅིག ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ལས་དོན་གཞན་གྱི་སྔོན་ལ་སྤེལ་བའི་གཙོ་གནད་ལས་འགན་ལ་དམིགས་ཏེ། མིང་སྐལ་བགོ་བཤའ་ལུགས་མཐུན་ངང་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་དང་། འགག་རྩའི་ཐོན་ལས། འགག་རྩའི་ལས་རིགས་བཅས་གཙོ་གནད་དུ་བཟུང་ནས་གཟིགས་སྐྱོང་བྱས་ཤིང་། ཀོང་ཏུང་གི་ཁ་གཏད་བོད་སྐྱོར་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་པ་ཁག་གིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བརྟེན་ནས་ཀོང་ཏུང་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་། 2023ལོར་སྟབས་བསྟུན་ཤེས་ལྡན་པ་166ཐོན་ལས་འཆར་འགོད་དང་། རིག་གནས་ཡུལ་སྐོར། སྨན་བཅོས་སློབ་གསོ་སོགས་སྡེ་ཚན་དུ་ལས་ཀ་བྱེད་པར་གདན་དྲངས་ཏེ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཀྱི་ལས་དོན་སྔོན་ལ་སྤེལ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ལྟེ་བར་དམིགས་ནས་མི་སྣ་བཀོལ་སྤྱོད་བྱས་པ།

མི་དང་ལས་གནས་འཚམ་མཐུན་ཡོང་བར་སྣང་ཆེན་བྱས་པའི་ཁར། ནང་འདྲེན་ཤེས་ལྡན་པའི་ཁྱད་ཆོས་དང་། ལེགས་ཆ། ལས་རིགས་ཀྱི་རྒྱབ་ལྗོངས་བཅས་དང་ཟུང་འབྲེལ་བྱས་ཏེ་ཁོང་ཚོ་ཚོང་འགུགས་མ་འདྲེན་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཆར་འགོད་སོགས་ལྟེ་བའི་ལས་ཀ་བྱེད་པར་བཀོད་སྒྲིག་བྱས་མ་ཟད། ད་དུང་རིག་ཚན་སྣེ་ཁྲིད་པ་དང་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་སོགས་ཀྱང་བྱེད་དུ་བཅུག་སྟེ། ཁོང་ཚོས་བློ་གྲོས་འདོན་སྤེལ་དང་བྱས་རྗེས་འཇོག་པར་ལས་སྟེགས་ཆེན་པོ་ཞིག་བཏོད་ཡོད། ཤེས་ལྡན་པ་ནང་འདྲེན་གྱི་དམིགས་ཚད་དོ་དམ་ལམ་ལུགས་བཙུགས་ཤིང་། མི་སྤྱོད་ཚན་པས་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལས་གནས་འགན་འཁྲི་དང་ཆེད་ལས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁོང་ཚོ་དང་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེ་བཞག་པ་དང་། ལས་ཀའི་ལས་འགན་དང་ལེགས་སྒྲུབ་ཀྱི་དུས་བཀག་ཁ་གསལ་བཟོས་པ་མ་ཟད། ད་དུང་རྗེས་སྙེག་དོ་དམ་ལ་མུ་མཐུད་ཤུགས་སྣོན་ཡང་བརྒྱབ་ཡོད། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་གཞི་ཚུགས་ནས་ནང་འདྲེན་ཤེས་ལྡན་པ་མི་རེ་ངོ་རེར་ས་གནས་དེ་གའི་ལས་བྱེད་པ་དང་ཤེས་ལྡན་པ་1ནས་2བར་འབྲེལ་འཛུགས་རོགས་ཁྲིད་བྱེད་པར་བཀོད་སྒྲིག་བྱས་ཤིང་། ནང་འདྲེན་ཤེས་ལྡན་པ་150ལྷག་ཙམ་གྱིས་ས་གནས་དེ་གའི་སློབ་མ་210ལྷག་ཙམ་དང“གཅིག་གིས་གཅིག”དང“གཅིག་གིས་མོང་པོར”མཛུབ་ཁྲིད་བྱས་ཏེ། ས་གནས་དེ་གའི་ལས་བྱེད་པ་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་ཆེད་སྐུལ་ཁྲིད་བྱས་ཡོད། སྨན་བཅོས་ཁོངས་གཏོགས་ཀྱི་སྟབས་བསྟུན་ཤེས་ལྡན་པ་28ཀྱིས་ལས་སྒོ་འཆད་ཁྲིད་དང་བཀོལ་སྤྱོད་མཛུབ་ཁྲིད་སོགས་ཐེངས་60ལྷག་ཙམ་བྱས་པ་དང་། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་འཕྲོད་བསྟེན་དང་འགྱེད་འཕྲོའི་འཕྲོད་བསྟེན་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་ནས་ས་གནས་དེ་གའི་སྨན་དོན་པའི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ཡོད།

འགན་ལེན་གནད་འཁེལ་ཡོང་བར་ལྕག་སྐུལ་བྱས་པ།

《ཉིང་ཁྲི་གྲོང་ཁྱེར་གྱི་སྟབས་བསྟུན་ནང་འདྲེན་གྱི་དུས་ཐུང་ཞབས་ཞུའི་ཤེས་ལྡན་པར་དོ་དམ་བྱ་ཐབས》དང《“མཉམ་བཞད་འགྲན་གླེང་གི་འཆར་གཞིའི”ནང་འདྲེན་ཤེས་ལྡན་པའི་འབྲེལ་ཡོད་ཐོབ་ཐང་སྔར་བས་མཐོ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ》སོགས་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། ཉིང་ཁྲི་གྲོང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་2000བེད་སྤྱོད་ཡག་པོ་བཏང་བ། བོད་སྐྱོར་ལས་བྱེད་པའི་གླ་ཕོགས་ཁ་གསབ་ཚད་གཞི་ལྟར་ནང་འདྲེན་ཤེས་ལྡན་པར་གླ་ཕོགས་ཁ་གསབ་དང་། འཚོ་བའི་ཁ་གསབ། སྨན་བཅོས་ཁ་གསབ་སོགས་གྲངས་ཚང་སྤྲད་པ་དང་འབྲེལ། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་ཉེན་སེལ་བའི་འགན་བཅོལ་ཡང་ཉོས་ནས“ཀུན་ཕན་+མངགས་བཟོ”ཡི་ཐོབ་ཐང་དོན་འཁྱོལ་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད། གྲོང་ཁྱེར་རིམ་ངོས་ནས་ཤེས་ལྡན་པའི་ལས་ཤག་128བསྐྲུན་པར་རིམ་རྩིས་བརྒྱབ་ན་མི་ཐེངས་100ལྷག་ཙམ་སྤོས་པ་ལས། ནང་འདྲེན་ཤེས་ལྡན་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཐུབ་ཡོད། ཏང་སྲིད་འགོ་ཁྲིད་ཀྱིས་རིགས་གཅིག་མཁས་པ་དང་ཤེས་ལྡན་པ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཤེས་ལྡན་པ་མི་ཐེངས་59ལ་འཚམས་འདྲི་བྱས་པ་དང་། ཁོང་ཚོ་དང་སྙིང་གཏམ་ཤོད་རེས་དང་སྤེལ་རེས་བྱས་ཏེ། ཁོང་ཚོའི་དགོས་མཁོ་དང་དཀའ་ངལ་སེལ་རོགས་བྱས་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)