《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月30日

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་བར་མཐུན་རྐྱེན་བསྐྲུན་པ།

—— ན་ནིང་རང་ལྗོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ”ལ་སླེབས་པར་བལྟ་བ།

2023ལོར། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཞིང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28983ཟིན་ནས་འཕར་ཚད་8.7%ཟིན་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.4ཡི་མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་51900ཟིན་ནས་འཕར་ཚད་6.5%ཟིན་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.4ཡི་མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19924ཟིན་ནས་འཕར་ཚད་9.4%ཟིན་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱི་མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་ཏང་ཙུའི་ཁོངས་མི་དང་སྤྱི་ཁྱབ་རུ་དཔོན་གཞོན་པ་ཉིའུ་ཤིན་མིན་གྱིས་གསར་འགོད་པར་བརྗོད་དོན། ཡོང་འབབ་ཀྱི་གྲུབ་ཆ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ཁག་བཞིར“གཉིས་མགྱོགས་གཉིས་བརྟན”གྱི་ཁྱད་ཆོས་མངོན་པ་དང་། དེའི་ནང་གཉེར་སྐྱོང་ཁེ་གཙང་ཡོང་འབབ་དུས་མཚུངས་ལས་14.6%འཕར་བ་དང་། གཞན་སྒྱུར་ཁེ་གཙང་ཡོང་འབབ་14.5%འཕར་བ། རྒྱུ་ནོར་ཁེ་གཙང་ཡོང་འབབ་8.7%འཕར་བ། གླ་ཆའི་རང་བཞིན་གྱི་ཡོང་འབབ་4.4%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཁག་བཞིར“གསུམ་བརྟན་གཅིག་མགྱོགས”ཀྱི་ཁྱད་ཆོས་མངོན་པ་དང་། དེའི་ནང་གླ་ཆའི་རང་བཞིན་གྱི་ཡོང་འབབ་8.5%འཕར་བ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཉེར་སྐྱོང་ཡོང་འབབ་ཁེ་གཙང་8.3%འཕར་བ། རྒྱུ་ནོར་ཡོང་འབབ་ཁེ་གཙང་8.0%འཕར་བ། གཞན་སྒྱུར་ཡོང་འབབ་ཁེ་གཙང་14.0%འཕར་བ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་ཙམ་འཕར་བའི་མཐུན་རྐྱེན་རབ་དང་རིམ་པའི་སྐོར་ལ་ཉིའུ་ཤིན་མིན་གྱིས་བརྗོད་དོན། 2023ལོར་ས་གནས་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་ཙམ་འཕར་བར་མཐུན་རྐྱེན་བསྐྲུན་ཡོད་པ་སྟེ།

གཅིག་ནས་2023ལོ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་གནས་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པ་དང་འཛུགས་སྐྲུན་མགྱོགས་མྱུར་བྱས་པས། གཉེར་སྐྱོང་བྱེད་པོ་བརྟན་པོ་འཕར་བ་དང་། ལས་ཞུགས་ཀྱི་དུས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་དང་ངལ་ནུས་ཡོང་འབབ་རྒྱུན་མཐུད་འཕར་བ་བཅས་བྱུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གླ་ཆའི་རང་བཞིན་གྱི་ཡོང་འབབ་བརྟན་པོ་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

གཉིས་ནས་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད། 2023ལོ་ཚུན། ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་བརྟན་པོ་འཕར་བ་དང་། ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་བ། འཛད་རྫས་ཁྲོམ་ར་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་ཁྲིད་ཐུབ་པ་བཅས་བྱུང་ནས། གཉེར་སྐྱོང་གི་དུས་བབ་བཟང་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་མགྱོགས་མྱུར་འཕར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

གསུམ་ནས་ཐ་སྐྱོང་འགན་སྲུང་སྲིད་ཇུས་རབ་དང་རིམ་པ་ཚད་འདེགས་རྒྱ་སྐྱེད་དང་ཞིང་ཕན་ཞིང་དར་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་ཐུབ་པ་ལས་ཕན་པ་ཐོབ་ཡོད། རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་བཅས་ཀྱི་ཚད་གཞི་སྔ་རྗེས་སུ་མཐོ་རུ་ཕྱིན་ཡོད། དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ནད་སྐྱོང་ཁ་གསབ་དང་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། རྫས་ལུད་དང་ཞིང་སྨན་ཉོ་སྒྲུབ་དང་། ཞིང་འཕྲུལ་ཉོ་བ་དང་བེད་སྤྱོད། སྒོ་ཕྱུགས་འཚོང་བའི་ཁ་གསབ་སོགས་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་དོན་ཐོག་ཏུ་འཁྱོལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞན་སྒྱུར་གྱི་ཡོང་འབབ་ཁེ་གཙང་མགྱོགས་མྱུར་འཕར་བར་འགན་ལེན་ནུས་ལྡན་བྱས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)