འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ས་དགའ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དམངས་ཕན་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་འཚོགས་པར་ཤང་དང་གྲོང་རྡལ་ཁག་གི་ཏང་སྲིད་འགན་འཁུར་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ལས་སྒོའི་རྐང་འཛིན་པ། གྲོང་སྡོད་ལས་དོན་རུ་ཁག་ཁག་གི་རུ་དཔོན། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།
ཐེངས་འདིའི་གསོ་སྦྱོང་ཚོགས་འདུ་ནི“བརྙན་ལམ་ཚོགས་འདུའི”རྣམ་པ་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ས་དགའ་རྫོང་ཡན་ལག་ཅུས་དང་། ས་དགའ་རྫོང་རྨང་བརྟན་གཞུང་ལས་ཁང་། སྨན་བཅོས་འགན་སྲུང་ཅུས། དམངས་སྲིད་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། མི་སྤྱི་ཅུས་སོགས་འབྲེལ་ཡོད་ལས་རིགས་སྡེ་ཚན་གྱི་འགན་འཁུར་བས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དམངས་ཕན་སྲིད་ཇུས་ཁག་འགྲེལ་བཤད་བརྒྱབ་པ་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱིས་ལོངས་སུ་སྤྱོད་ཆོག་པའི་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། ལས་ཞུགས་གཞན་སྒྱུར། སྨན་བཅོས་རོགས་སྐྱོབ། མཐའ་སྐྱོང་འགན་སྲུང་། སྐྱེ་ཁམས་ལས་གནས་སོགས་ཀྱི་ནང་དོན་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད།
གསོ་སྦྱོང་བྱས་པ་བརྒྱུད། གཞི་རིམ་ལས་བྱེད་པ་དང་ལྷག་པར་ཏུ་གྲོང་སྡོད་ལས་བྱེད་པ་ཚོའི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་དང་ལས་སྒོའི་འཇོན་ཐང་ཆེ་རུ་ཕྱིན་ནས། རྫོང་དེས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)