འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། “མགྱོགས་པོ་བགོ་འགྲེམས་ལེན་པར་ཤོག” ཟླ་1ཚེས་25ཉིན་གྱི་ཞོགས་པ་སྔ་པོར། སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོའི་གྲོང་མིས་གཟབ་མཆོར་ལེགས་པར་སྤྲས་ནས་གྲོང་ཚོ་ཨུ་ལྷན་དུ་འབྱོར།
སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་སྟར་ཤིང་གྲོང་ཚོ་ཨུ་ལྷན་གྱི་བགོ་འགྲེམས་རྒྱག་སར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་མི་དང་གྲོང་མིའི་འཐུས་མི་སོགས་ཀྱིས་རྩིས་ཁྲ་དང་བསྡུར་བ་དང་མིང་རྟགས་བཀོད་རྗེས་རིམ་པ་བཞིན་བགོ་འགྲེམས་དང་གླ་ཆ་བླངས་ཡོད། ཁོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་གཡུར་དུ་ཟ་བའི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པ་དང་། དེ་ཉིན་གྲོང་མི་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་ངང་གིས་མངོན་བཞིན་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བགོ་འགྲེམས་དེ་གྲོང་ཚོ་ཧྲིལ་པོའི་དུད་ཚང་236དང་འབྲེལ་བ་ཡོད་ཅིང་། ཐོན་ལས་ཀྱི་བགོ་འགྲེམས་སྒོར་ཁྲི་500ལྷག་ཙམ་དང་། ལས་མིའི་གླ་ཆ་སྒོར་ཁྲི་700ལྷག་ཙམ་བརྒྱབ་པ་བསྡོམས་ན་སྒོར་ཁྲི་1200ལྷག་ཙམ་ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། སྟར་ཤིང་གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་ཕྱུག་འགྱུར་སྣེ་འཁྲིད་པའི་སྐུལ་ཁྲིད་འོག་ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་ཀྱིས་ཡུལ་བབ་དང་བསྟུན་ནས་བཞོན་མ་གསོ་ཚགས་ར་བ་དང་། བོད་ཕག་གསོ་ཚགས་ར་བ། ཞིང་པའི་འཕྲུལ་ཆས་མཉམ་ལས་ཁང་། བཟའ་བཏུང་ཀུང་སི། ཨར་ལས་ཀུང་སི་སོགས་དངོས་ཚན་ཐོན་ལས་མང་པོ་གཉེར་བས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་སྟེ“ཏང་ཡོན་གཅིག་ཏང་དར་གཅིག་ཡིན་པ་དང་། ཀྲི་པུའུ་གཅིག་མཁར་རྫོང་གཅིག་ཡིན་པའི”ནུས་པ་དངོས་འབྲེལ་འདོན་ཐུབ་ཡོད། 2023ལོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་4200ལྷག་ཙམ་བྱུང་བ་དེ་2022ལོ་ལས་26%འཕར་བ་དང་། གྲོང་ཚོ་དེ་ག་དང་མཐའ་འཁོར་མང་ཚོགས་མི་ཐེངས་27149ཙམ་ཐག་ཉེ་སར་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད། མཉམ་སྡེབ་དཔལ་འབྱོར་ས་གནས་དེ་གའི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། (རིག་རྡོར་གྱིས་བསྒྱུར། པ་ཕན་དང་རིག་རྡོར་གྱིས་ཞུས)