《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月26日

སྦྲང་མས་སྦྲང་རྩི་གསོག་པ་བཞིན། འཚོ་བ་གསར་པ་གཏོད་པར་འབད།

བགོ་འགྲེམས་རག་པའི་ཡུལ་མིའི་སྤྲོ་སྣང་།

དགུན་ཁ་གནམ་གཤིས་གྲང་མོ་ཡོད་ཀྱང་མང་ཚོགས་ལ་ཡོང་འབབ་རག་པའི་དབང་གིས་སེམས་པ་ཚ་སོབ་སོབ་ཏུ་གྱུར་ཡོད། ཉེ་ཆར། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྲིད་གཞུང་གི་ཐོག་སོ་བཞི་པའི་ཚོགས་ཁང་དུ་རྫོང་དེའི་2023ལོའི་སྦྲང་གསོའི་ཐོན་ལས་རྣམ་གྲངས་ཀྱི་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།

རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་ནས་ཡོང་བའི་ཞིང་འབྲོག་པའི་འཐུས་མིས་གཟབ་མཆོར་ལེགས་པར་སྤྲས་ཤིང་ཚང་མའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག ཁེ་སྤོགས་མང་ཤོས་ཀྱི་གྲོང་ཚོར(གྲོང་ལྷན)སྒོར་ཁྲི་9ལྷག་ཙམ་རག་ཡོད་ཅིང་། དེ་ནི་མང་ཚོགས་ཀྱིས་ལོ་གཅིག་རིང་དཀའ་སྤྱད་ངལ་རྩོལ་བྱས་པའི་གྲུབ་འབྲས་ཡིན་པ་མ་ཟད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བའི་ཕན་འབྲས་ཀྱང་ཡིན་པ་སྨོས་ཅི་དགོས།

འཕྱོངས་རྒྱས་རྫོང་གི་སྦྲང་གསོའི་ཐོན་ལས་ལ་གྲུབ་འབྲས་ཐོབ་པ་དེ“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཉེར་སྐྱོང་། མང་ཚོགས་ཞུགས་པ”བཅས་ཀྱི་ཕན་འབྲས་མཐོ་བའི་བྱེད་སྟངས་ལས་བྱུང་བ་ཞིག་རེད། 2023ལོར་རྫོང་དེས་བོད་ཀྱི་མཚན་མོའི་བུང་སྒྲ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་སྔོན་ཐོན་སྦྲང་གསོའི་ལག་རྩལ་དང་དོ་དམ་ཉམས་མྱོང་ནང་འདྲེན་དང་ཁྱབ་གདལ་བཏང་བ་བརྒྱུད། རྫོང་ཡོངས་ཀྱི་སྦྲང་གསོའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། སྦྲང་གསོའི་ཐོན་རྫས་ཀྱི་ཐོན་འབབ་མང་དུ་དང་སྤུས་ཚད་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་དེ་ལ་དེ་བསྟུན་གྱིས་མང་དུ་ཕྱིན་ཡོད།

ན་ནིང་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ་དང་། སྦས་སྣ་གྲོང་ཚོ། སྡེ་ཆེན་གྲོང་ཚོ་བཅས་དང་། ཤ་གསོས་ཤང་ཤ་གསོས་གྲོང་ཚོ། རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་དང་། སྤུན་གསུམ་གྲོང་ཚོ། བཀྲ་ཤིས་གྲོང་ཚོ་སོགས་གྲོང་ཚོ་བརྒྱད་ཀྱིས་སྦྲང་ནོར་བུ་སྒམ་1000ཙམ་གསོས་པར་སྦྲང་རྩི་སྤུས་ལེགས་ཏུན་13.853ཐོན་ནས་ས་གནས་དེ་གའི་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་42བཏོད་ཡོད།

མཚན་མོའི་བུང་སྒྲ་རིག་གནས་ཡུལ་སྐོར་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ལེང་ཧྥུའུ་ཡིས། འཕྱོངས་རྒྱས་ཀྱི་སྦྲང་གསོའི་རྣམ་གྲངས་ལ་སྲོལ་རྒྱུན་གྱི་སྦྲང་གསོའི་རྣམ་པ་དང་མི་འདྲ་བའི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད། ང་ཚོས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད། ཞིང་ཁའི་ཉེ་འཁོར་དུ་སྦྲང་ནོར་བུ་གསོ་ཚགས་ར་བ་བཀོད་སྒྲིག་བྱས་ནས་ཞིང་ནང་ལོ་ཏོག་དང་མེ་ཏོག་གི་ཟེའུ་འབྲུ་སོགས་སྦྲང་ནོར་བུའི་བཟའ་བཅར་བྱས་པ་དང་དུས་མཚུངས། སྦྲང་ནོར་བུས་ཀྱང་ཞིང་ལས་སྐྱེ་དངོས་ལ་ཟེའུ་འབྲུ་སྡེབ་སྦྱོར་བྱས་པས་སྦྲང་རྩི་ཐོན་ཚད་མང་དུ་ཕྱིན་པ་མ་ཟད། ཞིང་ལས་སྐྱེ་དངོས་ཀྱིས་ཟེའུ་འབྲུ་སྡེབ་སྦྱོར་བྱེད་ཚད་དང་སྦྲང་རྩི་གསོག་ཚད་ཀྱང་མང་དུ་ཕྱིན་ནས་སྦྲང་རྩིའི་ཐོན་རྫས་དང་ཞིང་ཞོར་ཐོན་རྫས་གཉིས་ཁེ་ཡོང་བའི་ཕན་འབྲས་ཐོན་ཡོད་ཅེས་བརྗོད།

འདི་ལོ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོར་ཁེ་སྤོགས་མང་ཤོས་རག་ཅིང་། གྲོང་ཚོ་དེའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཆོས་འཕེལ་གྱིས། སྦྲང་ནོར་བུ་གསོ་བ་ནི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཡིན་པས་ང་ཚོར་དངུལ་སྨར་ཡོང་འབབ་གསོག་པའི་ཐབས་ལམ་གསར་པ་རྙེད་པ་མ་ཟད། ད་དུང་ཁྲོམ་རར་སྦྲང་ནོར་བུའི་ཐོན་རྫས་སྤུས་ལེགས་ཀྱང་བཏོན་ཡོད། མི་དེ་བས་མང་བས་སྦྲང་གསོའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད་ཅེས་དགའ་སྤྲོའི་ངང་བཤད།

འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་ཧྲུའུ་ཅི་དང་པོ་གཡང་འཛོམས་ཀྱིས། དང་ཐོག་ཡུལ་མི་མང་པོར་སྦྲང་ནོར་བུ་ཡག་པོ་གསོ་མི་ཐུབ་པ་དང་། སྦྲང་རྩི་ཡག་པོ་གསོག་མི་ཐུབ་པ། ཡོང་འབབ་ཡག་པོ་མི་རག་པ་སོགས་ཀྱི་སེམས་ཁྲལ་བྱུང་ཡང་། ད་ཆ་སྦྲང་ནོར་བུ་གསོ་བ་ནི་ཏན་ཏན་ཏིག་ཏིག་གི་འབྱུང་འཕྲོད་ཐོན་ལས་ཤིག་ཡིན་པ་དོན་དངོས་ནས་ར་འཕྲོད་ཐུབ་ཡོད། སྦྲང་གསོའི་ཐོན་ལས་ནི་ཕན་འབྲས་ཐོན་མགྱོགས་པ་དང་། དུས་འཁོར་ཐུང་བ། ཉེན་ཁ་ཆུང་བ་བཅས་ཡོད། གོམ་སྟབས་རྗེས་མར་ང་ཚོས་འཕྱོངས་རྒྱས་རྫོང་གི་སྦྲང་གསོའི་ཚན་ཞིབ་རྟེན་གཞི་ང་ཚོའི་གྲོང་ཚོར་འཛུགས་པའི་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡིན། སྐབས་དེ་དུས་ང་ཚོས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྐུལ་སློང་བྱས་ཏེ་སྦྲང་གསོའི་ལས་ལ་ཧུར་ཐག་གཞོལ་བ་དང་། སྦྲང་གསོའི་ཐོན་ལས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཆེད་སླར་ཡང་ནུས་ཤུགས་འདོན་གྱི་ཡིན་ཞེས་བརྗོད།